སེམས་ངོགས་སུ་བཞུར་བའི་སྙིང་གཏམ།
ཁ་པར་བརྒྱུད་ནས་ཁ་བརྡའི་གོ་སྐབས་ལན་གཅིག་ཐོབས་པའི་ན་ཆུང་མའི།།
གངས་དཀར་སེམས་ཀྱི་ངོགས་སུ་བཞུར་བའི་སྙིང་གཏམ་དྭངས་མོ་འཐུང་བའི་ཚེ།།
དབྱར་ཟླ་གསུམ་ལ་བྲག་གི་ཕུགས་སུ་ཤྭ་བོས་བཀག་པའི་ཡུ་མོ་བཞིན།།
གློ་དང་མཆིན་པ་སྐམ་པའི་སྟོབས་ཀྱིས་འཐུང་ཞིང་འཐུང་ཞིང་སྐོམ་པ་སྐྱེས།།
དཔྱི་དང་ནུ་མའི་ལང་ཚོ་རྒྱས་བའི་ན་ཆུང་བུ་མོ་སྐེད་མེད་མ།།
ཨུ་ཚུགས་བཙན་གྱིས་བགད་པའི་འཛུམ་དང་མུ་ཏིག་སོ་ཡི་འཕྲེང་བ་ཡིས།།
མཛའ་མོ་མེད་པའི་མཛའ་བོ་དག་གི་ལུས་དང་སེམས་པ་སོ་སོར་ཕྱེས།།
འགྲོག་པའི་གོ་སྐབས་འཚོལ་བའི་ཐབས་སུ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུས།།
ས་མཐའི་ཡུལ་ནས་ལན་གཅིག་འཕྲད་པའི་ཁོ་བོའི་སྙིང་གི་ན་ཆུང་མའི།།
སྤོས་ཀྱི་ངད་ལྡན་མཆུ་ཡི་འདབ་མའི་རེག་བྱ་འཇམ་པོ་མྱོང་བའི་ཚེ།།
ཆུ་འཛིན་འདབ་མ་གཡོ་བའི་དབུས་ན་ཁྱུང་འབྲུག་རྩེན་པའི་དགའ་སྟོན་བཞིན།།
འཁྱུད་པའི་རྩེ་དགའ་སྙིང་ལ་མ་ཤོངས་སྙིང་སྡུག་བུ་མོའི་མངལ་དུ་ལྷུང་།།
ཐུན་གསུམ་དུས་ཀྱི་རྨི་ལམ་ཞིང་ནས་སེམས་སོང་བུ་མོ་མིག་བཟི་མའི།།
ལྡབ་ལྡིབ་ངག་གི་འགྱུར་ཁུག་སྙན་མོ་རྣ་བའི་བཅུད་དུ་བབས་པ་དེ།།
གཅེས་ཕྲུག་གཅིག་པུ་ཤི་བའི་ཨ་མ་ཡུན་རིང་ངུས་བའི་མིག་ཆུ་ལས།།
འཆི་བ་སླར་གསོའི་དངོས་གྲུབ་ཐོབས་སྟེ་སེམས་པ་རླབས་ཀྱིས་ཁྱེར་བ་བཞིན།།
བརྩེ་བའི་དྲོད་ཀྱིས་ཚ་བོར་གྱུར་བའི་མཚོ་ལ་འཁྲུས་སུ་ཞུགས་པའི་ཚེ།།
གླང་ཆེན་སྨྱོན་པས་པདྨའི་མཚོ་ན་ཉི་མའི་གཉེན་ལ་རྡུང་བ་བཞིན།།
སྙིང་གི་འཕར་ལྡིང་འཐབ་པའི་མཉམ་དུ་ཆགས་པའི་ན་ཟུག་སྐྱེས་བའང་།།
མདང་དགོང་སྐྱེས་བའི་ཕྲུ་གུ་ཆུང་ཆུང་ཨ་མའི་པང་ན་ངུ་བ་བཞིན།།
ཁྱོད་དང་འུ་གཉིས་འདི་རུ་འཕྲད་པ་རྨི་ལམ་ཡིན་ནམ་མངོན་སུམ་ཞེས།།
སྟོང་སུམ་སྟོང་གི་འཇིག་རྟེན་ཁམས་ལ་བདག་རང་བདག་ཉིད་འཚོལ་དུ་སོང་།།
རྨི་ལམ་ཡིན་ཚེ་སད་ཀྱིས་དོགས་ནས་དབུགས་ཀྱི་འབྱིན་རྔུབ་དལ་གྱིས་བླངས།།
མངོན་སུམ་ཡིན་ཚེ་ཟད་ཀྱིས་ཕངས་ནས་དགའ་བའི་གད་མོ་ཡུན་གྱིས་བགད།།
1998/08/01 ལ་རྟ་ཕོ་དགོན་ནས་བྲིས་ཤིང་ཕྱིས་སུ་བཟོ་བཅོས་ཅུང་ཙམ་བྱས།
འདོན་སྤེལ།: ༢༠༡༠/༠༩/༠༦
