ཀུན་དགའ་ར་བའི་ནང་གི་སྐྱུག་རོའི་མེ་ཏོག།
དུས་བབ་དྲ་བས་ཟིན་བྲིས་བ་ཚོར་རང་རང་གི་བསམ་བློའི་མྱུ་གུ་འབུས་སའི་འཁོར་ཡུག་ཆུང་ཆུང་ཞིག་བསྐྲུན་པ་དེར་སྨྱུག་འཛིན་པ་ཚོས་ཀུན་དགའ་ར་བ་འབོད། མི་ཚང་མས་ས་མིག་དེ་རུ་རང་ཉིད་ལ་དབང་བའི་སྐད་ཆ་རེ་བཤད་བཞིན་ཡོད། ལ་ལས་སྙན་ངག་དང་ལ་ལས་སྒྲུང་རྩོམ་འབྲི། གང་ལྟར་མི་རང་ཉིད་ལ་དབང་བའི་སྐད་ཆ་དེ་བཤད་བཞིན་པ་ནི་དྲ་བའི་དམིགས་ཡུལ་ཡང་ཡིན། ལོ་ངོ་གཅིག་འདི་ལྟར་འདས་རྗེས་ཕྱོགས་བསྡོམས་ཀྱི་ཚུལམདུ་དྲ་བདག་གིས་ཀུན་དགའ་ར་བའི་ནང་གི་རང་སྐྱེས་མེ་ཏོག་ཅིག་མཆོད་རྫས་སུ་འདེམས་བའི་བསམ་བློའང་བཏང་མྱོངས།
ཀུན་དགའ་ར་བའི་ནང་གི་མེ་ཏོག་ལ་ལར་རང་ཉིད་ཀྱི་མཛེས་སྡུག་དང་རང་ཉིད་ཀྱི་དྲི་མ་ཡོད་པ་མ་ཟད་རང་ཉིད་ཀྱི་ལང་ཕྱོགས་ཀྱང་ཡོད་པས་རླུང་གི་རྒྱུ་ཕྱོགས་ལ་བལྟ་མི་དགོས་བར་ནམ་ཡང་རང་སྒེར་གྱིས་སྐྱེས་བཞིན་ཡོད། ཞིབ་ལྟ་བྱས་ཚེ་མེ་ཏོག་དེའི་རིགས་ལ་རང་སྐྱེས་མེ་ཏོག་གི་ཁྱད་ཆོས་འབུར་དུ་ལྡན། མེ་ཏོག་དེའི་རིགས་ཀྱིས་རང་ཉིད་ལ་མཁོ་བའི་མཁའ་དབུགས་དང་བརླན་གཤེར་སོགས་རང་ཉིད་ཀྱིས་འཚོལ་བསྡུ་བྱེད་བཞིན་ཡོད་པས་རང་ཉིད་ཀྱི་མཛེས་སྡུག་དེའང་རང་ཉིད་ཁོ་ནར་དབང་། ཕྱོགས་གང་ནས་བལྟས་ཀྱང་རང་སྐྱེས་མེ་ཏོག་དེ་རིགས་ནི་གསར་སྐྱེས་མེ་ཏོག་ཏག་ཏག་ཀྱང་ཡིན། མེ་ཏོག་དེའི་རིགས་ལྗོན་པ་གཞན་གྱི་ཡལ་ཀར་འཐམ་ནས་མི་སྐྱེས་ལ་སྐྱུག་རོ་དང་སྐྱག་པའི་ནང་ནས་དེ་བས་ཀྱང་མི་སྐྱེས།
ཡིན་ནའང་མེ་ཏོག་གཞན་པ་མང་བོར་རང་ཉིད་ཀྱི་སྐྱེས་སྟོབས་མེད་པས། མིའི་སྐྱུག་རོ་དང་སྐྱག་པའི་ནང་ན་སྐྱེས་བཞིན་ཡོད། མེ་ཏོག་དེའི་རིགས་ཀྱིས་ད་དུང་རང་ཉིད་ཀྱི་དྲི་མའི་ཡག་བཙོག་ཅི་ཡིན་རང་གིས་ཀྱང་མ་ཚོར་བར། རང་ཉིད་ལ་མེ་ཏོག་ཅིག་གི་བཟོ་ལྟ་ཙམ་ཡོད་པ་དེས་རང་ཉིད་ཀྱང་ཀུན་དགའ་ར་བའི་ནང་ལ་འཚང་ཁ་རྒྱག་གིན་ཡོད། མེ་ཏོག་དེ་དག་ནི་གླིང་མདུན་དཔལ་འབྱོར་གྱི་མེ་ཏོག་ལྡུམ་རའི་ནང་གི་མེ་ཏོག་ཧ་ལོ་དང་མེ་ཏོག་ཐག་འཁྱུད་སོགས། ཨ་མ་གཡུ་སྒྲོན་ལགས་ཀྱིས་རྒྱང་ཕུད་བྱས་བའི་མེ་ཏོག་དག་དྲ་ངོས་འདིར་སྐྱབས་བཅོལ་ལ་བྲོས་ཡོང་སྟེ་སྐལ་མེད་སར་སྐེ་སྲིང་བ་ཡིན། མེ་ཏོག་དེའི་རིགས་ལས་མེ་ཏོག་གི་ལོ་རྒྱུས་རིང་ཤས་ནི་མེ་ཏོག་ཐག་འཁྱུད་ཡིན། ཁོ་ལ་མི་ལོ་ཉིས་སྟོང་ལྔ་བརྒྱའི་ལོ་རྒྱུས་ཡོད། གོ་ཐོས་ལྟར་ན་མེ་ཏོག་ཐག་འཁྱུད་ཀྱི་ཐོག་མ་དེ་མི་ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་ལ་སའི་ཐིགས་ལེ་རྒྱ་གར་རྡོ་རྗེ་གདན་ནས་བྱང་ཆུབ་ལྗོན་ཤིང་ཞིག་གི་ཡལ་ཀར་འཁྱུད་ནས་སྐྱེས་ཤིང་། ཕྱིས་སུ་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་བད་མ་འབྱུང་གནས་གཉིས་བོད་ལ་ཕེབས་སྐབས། ཆིབས་རྟའི་རྔ་མར་འཁྱུད་ནས་བོད་དུ་འབྱོར་བར་བཤད། ཐོག་མར་བོད་དུ་འབྱོར་དུས་ཐག་འཁྱུད་མེ་ཏོག་ལ་བྱང་ཆུབ་ལྗོན་པའི་དྲི་མ་འགོས་ཡོད་པས་བོད་པ་གནའ་མྱི་ཚོས་མཆོད་རྫས་བྱས་མྱོངས་བར་བཤད་ལ་དེ་ནི་བྱེད་འོས་བ་ཞིག་ཀྱང་ཡིན། ཡིན་ནའང་ཐག་འཁྱུད་མེ་ཏོག་གིས་རང་ཉིད་ཀྱི་དྲི་མ་དེ་བྱང་ཆུབ་ལྗོན་པའི་དྲི་མ་ཡིན་པ་མ་ཤེས་བར་ཁོ་རང་ཉིད་ལ་དབང་བའི་འཕྲུལ་སྣང་སྐྱེས་བཞིན་ཡོད་ལ། རང་ཉིད་ལ་མིི་དབང་བའི་ཡོན་ཏན་ཞིག་རང་ཉིད་ཀྱི་སྤོབས་པར་ངོམ་གྱིན་ཡོད།
དྲང་མོར་བཤད་ན་ཐག་འཁྱུད་མེ་ཏོག་གི་ལོ་རྒྱུས་ཤིན་ཏུ་རིང་པས་ད་ནི་དྲི་མ་ཆ་ཚང་ཡལ་ཟིན་པའི་མེ་ཏོག་ཐག་འཁྱུད་ཀྱང་ཡོད་ལ་སྐྱག་དྲི་ཁ་བའི་མེ་ཏོག་ཐག་འཁྱུད་ཀྱང་མང་བོ་ཡོད། ཐག་འཁྱུད་མེ་ཏོག་མང་བོ་བུད་མེད་ཀྱི་རྐང་བར་འཁྱུད་ནས་སྐྱེས་མྱོངས་ལ། བ་ལང་དང་བོང་བུའི་རྒྱུད་པར་འཁྱུད་ནས་ཀྱང་སྐྱེས་མྱོངས། སྐྱེས་ས་ལ་ཁྱད་པར་ཅི་ཡང་མེད་པས་མང་ཆེ་བ་མིའི་སྐྱུག་རོ་དང་སྐྱག་པའི་ནང་ན་སྐྱེས་བཞིན་ཡོད། མཐར་དེད་ན་མེ་ཏོག་ཐག་འཁྱུད་ནི་རང་ཉིད་ཀྱི་སྟེང་ན་དྲི་མ་ཅི་ཡང་མེད་ཅིང་བྱང་ཆུབ་ལྗོན་པའི་ཡལ་ཀར་འཁྱུད་ནས་སྐྱེས་བའི་རྩྭ་ལྡུམ་ལྗང་ཁུ་ཞིག་ལ་མེ་ཏོག་ཐག་འཁྱུད་ཅེས་ཨུ་ཚུགས་ཀྱིས་བཏགས་པའི་མིང་ཞིག་ཡིན་ལ། ཁ་སང་དེ་རིང་དུས་བབ་ཚང་གི་ཀུན་དགའ་ར་བའི་ནང་ནའང་མང་བོ་མང་བོ་སྐྱེས་ཡོད།
