ཟ་ལེ་རྒྱལ་གྱི་ཟིན་བྲིས།
གནམ་འདེགས་རི་བོའི་འདབས་ཀྱི་གྲོང་ཚོ།
ཟ་ལེ་རྒྱལ་དང་ཁོའི་རྐང་རྗེས།
ཟ་ལེ་རྒྱལ་ནས།
གཉིས།
གནས་འདི་རུ་ཁོ་ཚོས་རང་གི་ལོ་རྒྱུས་བསྐྲུན་ཞིང་ལུགས་སྲོལ་སྤེལ་ཡོད་ལ། རང་གི་བརྩེ་བ་དུང་བའི་ས་བོན་བཏབས་ཡོད་པས། ལུགས་དེ་དང་འགལ་ན་མྱི་ཁས་བཙན་འཛུལ་བྱེད་ངེས་ཡིན།
ཟ་ལེ་རྒྱལ་གྱིས་མེ་ཏོག་བཅུད་ལེན་བྱེད་པ་དེ་དྲང་མོར་བཤད་ན་ཁོ་ཚོའི་ལུགས་དང་ཡོངས་སུ་འགལ་བ་རེད། ད་དུང་ཁོས་མེ་ཏོག་ལུང་བའི་ནང་ལ་གཅིན་བཏང་བའི་གཏམ་འཁྱར་ཞིག་ཀྱང་གོ་རྒྱུ་འདུག
དེ་བས་ཀྱང་ཁོ་ཚོས་ངེས་ལེན་བྱེད་དཀའ་བ་ཞིག་ནི། མེ་ཏོག་ལུང་བའི་འོག་ན་ད་དུང་མུན་ནག་ལུང་བ་འབོད་པའི་ལུང་ཆུང་གོར་མོ་ཞིག་ཡོད་པ་དེར་མི་སུའང་འགྲོ་མི་ཕོད་མོད།
ཡང་མྱི་ལ་ལས་ཟ་ལེ་རྒྱལ་གྱིས་ལུང་མདོ་དེ་རུ་རྐང་རྗེས་བཞག་འདུག་ཟེར། ད་ཆི་མོ་རེད། གྲོང་ཚོ་འདིའི་ལོ་རྒྱུས་ནང་མེ་ཏོག་ལུང་བ་དང་ངེས་འབྱུང་རི་བོར་ཆ་རྒྱུས་ཆེ་ཤོས་དེ་ཨ་ཁུ་དགེ་ཆོས་ཡིན་མོད།
ཁོའང་མུན་ནག་ལུང་བའི་ནང་དུ་སོང་བའི་སྐད་ཆ་ད་དུང་གོ་མྱོང་མེད།
གང་ལྟར་ཟ་ལེ་རྒྱལ་གྱི་འགྲོ་འདུག་སྤྱོད་གསུམ་གཞན་དང་མི་མཐུན་པའི་ཁར་ཁོས་གྲྭ་བར་ཐུག་ན་ཆབ་སྲིད་དང་གྲོང་བར་ཐུག་ན་ཆོས་བཤད་རྒྱག་པས་མྱི་སུའི་སྣང་བར་ཡང་མི་འགྲོ།
ཡིན་ནའང་ད་ལྟ་ཁོ་རང་ཁེར་རྐྱང་མ་ཡིན་ཏེ་ལོ་སྔོན་མའི་ལོ་མཇུག་ནས་སྦྱིན་པ། བརྩོན་འགྲུས། ཚུལ་ཁྲིམས། བཟོད་པ། ཤེས་རབ།
ཏིང་འཛིན་སོགས་ཀྱིས་ཀྱང་ཟ་ལེ་རྒྱལ་གྱི་མིང་བྱང་ཁུར་ནས་རེ་རེ་བཞིན་རང་འདོད་ཀྱིས་ངེས་འབྱུང་རི་བོར་མེ་ཏོག་བཅུད་ལེན་བྱེད་དུ་ཡོང་ཡོད་པས་མེ་ཏོག་ལུང་བ་ནི་སྐྱ་མིན་སེར་མིན་གྱི་གྲོང་ཚོ་ཆུང་ཆུང་ཞིག་ཡིན།
མེ་ཏོག་ལུང་བའི་གཡས་གཡོན་གཉིས་ན་རི་རྒྱུད་ཆེན་པོ་གཉིས་ཐུར་དུ་འཐེན་ཡོད་ལ་དེ་ནི་གྲོང་ཚོ་འདིའི་རྟ་ནོར་ལུག་གསུམ་འཚོ་ས་ཡིན།
རི་རྒྱུད་འདི་གཉིས་ཀའི་མིང་ལ་ལྷུན་པོ་འགྱོག་པའི་ཀ་བ་ཆ་གཅིག་ཟེར། དེང་སྐབས་གྲོང་བ་ཚོས་ཀྱང་མེ་ཏོག་བཅུད་ལེན་བྱེད་ཤེས་པ་མ་ཟད་གྲྭ་བ་ཚོ་ལས་ཀྱང་བཟང་བར་བཤད།
དེ་བས་གྲོང་ཚོ་འདིའི་མྱི་ཚང་མ་ལས་ཀ་རིགས་གསུམ་ལ་གཡེང་ནས་བསྡད་ཡོད། དང་པོ་ཟོག་བརྫི་ཚོ། གཉིས་བ་གྲྭ་བཙུན་དག གསུམ་པ་མེ་ཏོག་བཅུད་ལེན་པ་དག་ཡིན།
འདོན་སྤེལ།: ༢༠༠༩/༠༤/༢༢

