གནམ་འདེགས་རི་བོའི་འདབས་ཀྱི་གྲོང་ཚོ།
མེ་ཏོག་ལུང་བ་དང༌། ངེས་འབྱུང་རི་བོ།
ཟ་ལེ་རྒྱལ་ནས།
གཅིག
གྲོང་ཚོ་འདི་ནི་དུད་ཁྱིམ་སུམ་བརྒྱ་དང་གྲྭ་ཤག་ཉིས་བརྒྱས་གྲུབ་པའི་འཇིག་རྟེན་ཆུང་ཆུང་ཞིག་ཡིན། ཨ་ཁུས་བཤད་ན་ང་བརྒྱད་དང་རིག་གསར་གྱིས་བར་ཆད་དེ་བཏང་མེད་ཚེ་ད་ལྟ་དུད་ཁྱིམ་ཆིག་སྟོང་དང་གྲྭ་ཤག་དགུ་བརྒྱས་གྲུབ་ཡོད་ཟེར། ཡིན་ནའང་དེ་ཚར་ཚར་བའི་སྐད་ཆ་ཞིག་རེད།
སྐྱ་སེར་གཉིས་ཀས་འཐབ་སྟངས་མི་གཅིག་ནའང་མཐར་དེད་པའི་དམིགས་ཡུལ་གཅིག་ཡིན་ཏེ། དེ་ནི་རང་རང་ལ་འཐོབ་འདོད་པའི་བདེ་སྐྱིད་དེའི་ཆེད་དུ་ཡིན།
བཤད་ཚུལ་ལྟར་ན་དགོན་པའི་རྒྱབ་རི་མཐོན་པོའི་སྟེང་ན་ཤམ་བྷ་ལ་དང་བདེ་བ་ཅན། ཕྱིར་མི་ལྡོག་པའི་གནས་སོགས་གོ་ཐོས་སུ་སོང་བའི་གནས་རྩ་ཆེན་ཚང་མ་ཡོད་པར་བཤད།
གནམ་འདེགས་རི་བོའི་ངོས་ཀྱི་སྟོད་ན་གསེར་ནག་གི་གཙུག་རྒྱན་སྤྲས་བའི་དུང་གི་བུམ་པ་བཞིན་ལྟ་ན་སྡུག་ཅིང་ཡིད་དུ་འོང་བའི་རི་བོ་སྤུན་གཉིས་ཐད་ཀར་འབུར་བ་དེ་སྟེང་ཕྱོགས་འོ་མའི་རི་བོ་སྤུན་གཉིས་ཡིན་ལ།
ས་བརྒྱད་པ་ཐོབ་པའི་གནས་ཡིན་ཞིང་དེ་ནས་ཐར་ཚེ་ཕྱིར་མི་ལྡོག་པའི་སར་བསླེབས་པ་རེད་ཟེར།
སྟེང་ཕྱོགས་འོ་མའི་རི་བོ་ནས་དཔག་ཚད་འགའ་མར་བབས་ན་མ་ཧ་གསེར་གྱི་རུས་སྦལ་ཞིག་གན་རྐྱལ་དུ་ལོག་ནས་ཡུན་རིང་འཕགས་པའི་ཤུལ་ཡིན་ཞེས་ས་ལེབ་མོ་མཆོང་ཀོང་ལྟ་བུ་ཞིག་ཡོད་པ་དེར་སའི་ལྡེ་བ་ཞི་ལྷག་འབྱུང་བའི་གནས་ཟེར་ཞིང༌།
དེ་ནི་རིགས་དྲུག་འདྲེན་པའི་དགོན་གྱི་གདན་ས་ཡིན། རི་བོ་འདིའི་རི་སྐེད་དུ་ནགས་ཀྱིས་བཟུང་ཞིང་ནགས་སྲུབ་ན་རི་དྭགས་དང་གཅན་གཟན་དུ་མ་ཡོད་པས།
མདའ་གྲི་མདུང་གསུམ་གྱི་མཚོན་ཆ་འཛིན་མི་ཆོག་པའི་གྲྭ་རྐྱང་ཞིག་འདི་ནས་རི་རྩེར་ཐར་བའི་གོ་སྐབས་ཡེ་ནས་མེད། གལ་ཏེ་ཐར་བའི་དབང་དུ་བཏང་ནའང༌།
རི་མགོའི་ཉིན་སྲུབ་གཉིས་ཀ་དབྱར་དགུན་མེད་པར་གངས་ཀྱིས་བཟུང་ཡོད་པས་ཕྱི་རྒྱལ་གྱི་གངས་འཛེགས་རུ་ཁག་ཅིག་གིས་ཀྱང་གངས་འདབས་ནས་ལྟ་ཙམ་བྱས་རྗེས་མགོ་གཡུག་བཞིན་ཅི་ཡང་མི་སྨྲ་བར་ཕྱིར་ལོག་སོང་ཟེར།
བླ་རྒན་ཚོར་རི་མགོར་འཛེགས་པའི་ཐབས་ཤེས་ཅི་ཡོད་ངས་ད་དུང་མི་ཤེས་མོད། ལོ་རེ་ནས་ལོ་རེར་གྲྭ་བ་ཇེ་མང་ནས་ཇེ་མང་རེད། དགོན་པའི་སྟེང་ན་ནགས་སྲུབ་ལ་འཐེན་པའི་རྐང་ལམ་ཆུང་ཆུང་ཞིག་ཡོད་མོད།
དེ་ནི་གྲྭ་ཕྲུག་ཚོ་འབུད་ཤིང་འཐུ་རུ་འགྲོ་སའི་ལམ་ཁ་ཙམ་ལས། གྲྭ་རྒན་ཚོའང་མཚན་མོར་ལམ་ཕྲན་དེར་ཞུགས་ནས་ནགས་སྲུབ་ལ་གཅིན་པ་གཏོང་དུ་འགྲོ་མི་ཕོད། བླ་རྒན་ཚོས་བཤད་ན་ཁོ་ཚོར་རི་མགོར་འཛེགས་པའི་ལམ་ཁ་གཉིས་ཡོད་ལ།
གཅིག་ནི་མདོ་ལ་རིང་མོ་བརྒྱུད་ནས་འགྲོ་བ་དང་ཅིག་ཤོས་ནི་བསྔགས་ལ་བྲག་ནག་བརྒྱུད་ནས་འགྲོ་དགོས་མོད་གང་ལྟར་སླེབ་ས་ནི་རི་མགོ་འདི་ཡིན་ཟེར། བསྔགས་ལམ་ནི་ལམ་རྙིང་དང་མདོ་ལམ་ནི་ལམ་གསར་ཡིན།
ལམ་འདི་གཉིས་ལ་གསར་རྙིང་གི་ཁྱད་པར་ཡོད་པ་མ་ཟད་བརྒྱུད་རིམ་བདེ་མིན་དང་རིང་ཐུང་གི་ཁྱད་པར་ཡང་ཡོད་ཟེར། ང་དགུ་ལོར་རྟོག་ལྡན་པ་འགའ་ལམ་འདི་གཉིས་ཀའི་གང་རུང་ཞིག་བརྒྱུད་ནས་རི་རྩེར་ཕེབས་སོང་བར་བཤད་མོད།
ལོ་ངོ་ལྔ་བཅུའི་རྗེས་ནས་ཤེས་གསལ་ལྟར་ན་རི་བོ་ཧི་མ་ལ་ཡ་ཡིན་ན་ཅིག་གི་ཕ་རོལ་གྱི་ས་ཐོག་ཅིག་ན་འདུག་ཟེར།
བླ་རྒན་ཁ་ཤས་རི་རྩེར་འཛེགས་པའི་ལོ་ཚད་ཡོལ་ནས་མགོ་སྐྲ་དཀར་པོར་གྱུར་ཏེ་འགྲོ་འདུག་གི་གོམ་ཁའང་བསྒྱུར་དཀའ་ཡང༌། ད་དུང་ལམ་གཉིས་ཀའི་གང་ལའང་མ་ཞུགས་པར་བསྡད་ཡོད། འདི་ནི་ངའི་སེམས་ཁུར་ཆེ་ཤོས་ཤིག་ཡིན།
དྲང་མོར་བཤད་ན་བླ་རྒན་འདིའི་རིགས་མདོ་ལམ་བརྒྱུད་འདོད་མེད་ལ་བསྔགས་ལམ་བརྒྱུད་འདོད་ཀྱང་མེད་པར། ཆོས་སྐྱོང་སྲུང་མའམ་གཞི་བདག་ཅིག་གིས་ཁོའི་ལག་པ་ནས་འཐེན་དེ་འཁྲིད་འགྲོ་རྒྱུར་བསྒུག་ཡོད།
དགོན་པ་ནས་ད་དུང་མར་བབས་ན་མེ་ཏོག་ལུང་བ་ཡོད་ལ། མེ་ཏོག་ལུང་བའི་གཡས་གཡོན་གཉིས་སུ་སྤེན་ཐུང་འཐར་འཐོར་དུ་སྐྱེས་ཡོད། སྟོད་ཀྱི་རི་ངོས་སུ་སྤེན་མའི་སྐྱེས་རྒྱ་ཅུང་མཐུག་པོ་ཡོད།
དེ་ནི་སྐྱ་སེར་གཉིས་ཀའི་ས་མཚམས་ཡིན། ལུང་བའི་ནང་དུ་དབྱར་དགུན་གཉིས་ཀར་བརླན་གྱིས་བཟུང་ཞིང་དེ་རུ་དྲོད་གྲང་སྙོམས་པའི་ཆུ་མིག་ཅིག་ཡོད། ཆུ་མིག་དེའི་གོང་ན་དེའུ་འབུར་ཆུང་ཆུང་ཞིག་ཡོད་ལ་དེ་ལ་ངེས་འབྱུང་རི་བོ་ཟེར།
དེ་ནི་གྲོང་ཚོ་འདིའི་བླ་རི་ཡིན།
ཞོ་དང་འོ་མས་མཆོད་པ་ཕུལ་ན་སྐབས་རེར་ངེས་འབྱུང་རི་བོ་འགུལ་ཙམ་འགུལ་ཙམ་བྱེད་པའི་མོད་ལ་གནམ་འདེགས་རི་བོའི་རྩེ་ནས་འབྲུག་སྒྲ་ལྡིར་ལྡིར་གྲགས་ལ་དེ་ནི་གཞི་བདག་ཧ་ཅང་དགའ་བའི་རྟགས་ཡིན།
ཡིན་ནའང་གྲྭ་བ་ཚོས་དེ་ནི་འཇིག་རྟེན་པའི་ལྷ་དགའ་བའི་རྟགས་རེད་ཅེས་མཐོང་ཆེན་མི་བྱེད་མོད། ལྐོག་ཉན་བྱེད་མཁན་ཡང་ཁ་ཤས་ཡོད་པར་བཤད།
ངས་གོ་ཚོད་ལྟར་ན་དགོན་པའི་གྲྭ་བ་བྱེད་སྐབས་མ་མཐར་ཡང་མེ་ཏོག་ལུང་བའི་ནང་ནས་མཚན་གཅིག་ལ་ཞག་སྡོད་བྱས་རྗེས་ངེས་འབྱུང་རི་བོར་སོང་ནས་གནམ་འདེགས་རི་བོའི་ས་དང་ལམ་གྱི་རིམ་པ་སྒོམ་དགོས་བར་བཤད་མོད།
གྲོང་ཚོ་འདིའི་ཕྲུ་གུ་ཚོ་མེ་ཏོག་ལུང་བ་དང་ངེས་འབྱུང་རི་བོར་མ་མཇལ་བར་ཐད་ཀར་དགོན་པར་ཞུགས་ནས་གྲྭ་བ་བྱེད་ཀི་ཡོད།
ངས་སྐད་ཆ་འདིའི་དོན་ད་དུང་ཅི་ཡིན་མི་ཤེས་མོད་གྲྭ་བ་ཚོས་བཤད་ན་མེ་ཏོག་ལུང་བ་དང་དེའི་ནང་གི་ཆུ་མིག་དེ་ཀུན་འབྱུང་བདེ་པ་ཡིན་པས་ཤིན་ཏུ་མི་གཙང་ཟེར།
ཡིན་ནའང་གྲོང་པ་ཚོར་དེ་ནི་མི་གཙང་བའི་སྣང་བ་ཅི་ཡང་མེད། སྲིད་པ་རྒད་པོས་བཤད་ན་ཁོ་ཚོའི་ཨ་ཕའི་ཨ་ཕའི་ཨ་ཕ་དང་ཨ་མའི་ཨ་མའི་ཨ་མ་སོགས་ལུང་བ་འདི་ནས་ཡོང་བར་བཤད་པས།
གྲོང་པ་ཚོར་མཚོན་ན་འདི་ནི་མི་གཙང་ནའང་རང་གི་སྐྱེས་ས་སྐྱེས་ཡུལ་ཡིན་ཞེས་དབྱར་དགུན་མེད་པར་ཁོམ་སྐབས་རེ་བྱུང་ན་གནས་འདི་རུ་ཡོང་ནས་ཞོ་དང་འོ་མས་མཆོད་པ་འབུལ་བ་མ་ཟད།
དགོན་པའི་འདབས་སུ་དཔེ་ཀློག་བྱེད་དུ་ཡོང་བའི་གྲྭ་བ་རྒན་གཞོན་གཉིས་ཀའང་མེ་ཏོག་ལུང་བའི་ནང་དུ་ལྐོག་ལྟ་བྱེད་རྒྱུར་གོམས་ཡོད། ཡིན་ནའང་བླ་རྒན་ལ་ལས་མེ་ཏོག་ལུང་བར་རྣམ་རྟོག་བྱེད་མོད་དེ་ནི་དམིགས་བསལ་བ་འགའ་རེ་ཡིན།
ཆོས་ཕྱོགས་ཀྱི་ཤེས་བྱ་ཅི་ཡང་མེད་པའི་མི་ཞིག་གིས་བལྟས་ན་དགོན་པ་འདི་ནི་སྟེང་ཕྱོགས་འོ་མའི་རི་བོ་དང་མེ་ཏོག་ལུང་བའི་བར་གྱི་བཙོན་ཁང་ཞིག་ཡིན།
རིག་གནས་གསར་བརྗེའི་རྗེས་སུ་དགོན་པ་ནས་རང་འདོད་ཀྱིས་ངེས་འབྱུང་རི་བོར་སྒོམ་སྒྲུབ་ལ་ཡོང་མཁན་ཐོག་མ་དེ་བན་དེ་བློ་བཟང་འཕེལ་རྒྱས་ཡིན་ཞིང་མི་ཚང་མས་ཁོ་ལ་ཟ་ལེ་རྒྱལ་ཟེར།
ཁོ་ལ་འདུག་གནས་དང་འཚོ་རྟེན་ཅི་ཡང་མེད་མོད་ཡ་མཚར་བ་ཞིག་ལ་ཁོས་མེ་ཏོག་བཅུད་ལེན་བྱེད་ཀྱིན་འདུག་ཟེར།
ངོ་མ་ཁོས་མེ་ཏོག་བཅུད་ལེན་བྱེད་ཤེས་ན་མེ་ཏོག་ལུང་བའི་ནང་དུ་མེ་ཏོག་བཅུད་ལེན་བྱེད་རྒྱུ་དེ་ཅི་འདྲའི་ལས་སླ་བོ་ཞིག་རེད་ཨང༌།

