ངའི་ཕ་ཡུལ་གྱི་གཞི་བདག་སོ་མ།
གཅིག
ཐང་སྨད་སྡེ་བར་བླ་རི་མེད་པའི་སྡུག་བསྔལ།
བོད་མི་རིགས་ཀྱི་ལུགས་སྲོད་དང་གནའ་མིའི་རྣམ་རྟོག་གི་དཔུང་རོགས་སྟེ་སྡེ་བ་རེ་ལ་བླ་རི་རེ་དང་བླ་རི་རེ་ལ་གཞི་བདག་རེ་གནས་ནའང༌།
སྡེ་བ་འདི་ས་བགོས་ཆུ་བགོས་ཀྱི་དབང་གིས་ལོ་འགའི་སྔོན་ལ་ཐང་སྨད་དུ་ཆགས་ནས་ཐང་སྨད་སྡེ་བ་ཞེས་སྡེ་མིང་གསར་བ་འདི་བཏག་པ་ཡིན་ལ།
སྡེ་བ་ཁ་འཐོར་གྱི་མི་ཡིན་པས་ཁོ་ཚོར་གཅིག་གྱུར་གྱི་བླ་རི་མེད་པའི་ཁར་ཐང་སྨད་ན་དེའུ་འབུར་མཐོན་པོ་ཞིག་ཀྱང་མེད་པས་གཞི་བདག་མེད་པའི་བླ་རི་ཞིག་འཚོལ་རྒྱུའང་དཀའ་མོ་ཡིན་ལ་དེ་ནི་སྡེ་བ་སོ་མ་འདིའི་སེམས་ཁུར་སོ་མ་ཞིག་ཀྱང་ཡིན།
ཐང་སྨད་སྡེ་བའི་མི་རྣམས་ཕན་ཚུན་ལ་རྒྱུས་མངའ་མེད་ནའང༌།
སྡེ་བ་འདིའི་རྩ་ས་རྩོད་གླེང་དང་པོའི་སྐབས་སུ་བྱི་ལི་བསོད་ནམས་ཐར་གྱིས་དཔའ་རྟགས་དང་པོ་བསྟན་ནས་ཐང་སྟོད་སྡེ་བའི་གསར་བུ་འགའ་འཆི་རྨས་སུ་བཅུག་པ་དང་རྒད་པོ་ཀླུ་རྒྱལ་འབུམ་གྱིས་གྱོད་བཤད་བྱས་ནས་ཁ་ལྕེ་ཡིས་རྒྱལ་ཁ་བླངས་པས་ཁོ་གཉིས་ཀ་སྡེ་དཔོན་གྱི་འོས་གཞིར་བདམས་ནས་རྒད་པོ་ཀླུ་རྒྱལ་འབུམ་སྡེ་དཔོན་དང་བྱི་ལི་བསོད་ནམས་ཐར་རུ་དཔོན་ལ་བདམས་ཐོན་བྱུང་ན
ས་དཔའ་མཛངས་གཉིས་ལྡན་གྱི་སྡེ་བ་སོ་མ་ཞིག་གྲུབ་ནའང་བླ་རི་དང་གཞི་བདག་གི་མགོན་སྐྱབས་མེད་པས།
གྱོད་གཞི་གང་ལ་ཐུག་ཀྱང་ལྷའི་དཔུང་རོགས་མེད་པའི་བློ་ཕམ་དེ་ཚང་མར་ཡོད་ལ་ལྷག་པར་དུ་སྡེ་དཔོན་དང་རུ་དཔོན་གཉིས་ལ་དེ་དོན་གྱི་སེམས་ཁུར་སྡེ་མི་གཞན་ལས་ཀྱང་ཆེ་བས་གང་ནས་ཐུག་ཀྱང་བླ་རི་དང་གཞི་བདག་གི་སྐད་ཆ་ལས་གཞན་བཤད་རྒྱུ་མང་པོ་མེད།
དེ་རིང་ཞོགས་པ་སྔ་མོར་ཨ་ཁུ་མཁས་གྲུབ་རྒྱུག་མ་མདུར་གྱིས་ཨ་ཁུ་སྡེ་དཔོན་ཚང་ལ་ཡོང་ནས་འཛུམ་རྨི་ལེར་གསུང་སྙན་ཞིག་ཡོད་པའི་བརྡ་བསྟན་ཀྱང་ཨ་ཁུ་སྡེ་དཔོན་གྱིས་དེ་ལ་དོ་སྣང་དེ་ཙམ་བྱེད་ཀྱི་མི་འདུག
ཁ་མུར་མུར་འགའ་བྱས་ནས། སྡེ་དཔོན། ངས་མདང་དགོང་རྨི་ལམ་ཞིག་རྨིས་སོང༌། སྤྱིར་རྨི་ལམ་ལ་ངེས་བ་མེད་ནའང༌། ངས་ནམ་རྒྱུན་ཁ་འདོན་རེ་བྱེད་ཀྱི་ཡོད་པས་དེ་ལའང་བསམ་བློ་ཞིག་གཏོང་རྒྱུ་འདུག་ཅེས་པས།
སྡེ་དཔོན་གྱིས་སྐུད་པ་ཞིག་གི་མདུད་པ་གྲོལ་བཞིན། ཨི་ཧུ། ཤོད་ར ཟེར། ཨ་ཁུ་མཁས་གྲུབ་ཀྱིས་ལག་པ་གཉིས་ཀས་འཕྲེང་བ་འཕུར་བཞིན།
ངའི་རྨི་ལམ་ལ་འབུར་རྟ་མགོའི་ཐོད་ནས་མོ་ཏོ་ཞོན་ནི་ཞིག་གིས་ཐ་མག་རྐང་ཞིག་ལ་མེ་བགོས་པས། དུ་བ་དགོང་སྔོན་གནམ་ལ་འཁྱབ་ཞིང༌།
ཆང་དཀར་ཡོལ་གང་གནམ་ལ་མཆོད་པས་ཆར་བ་དང་ཁ་བ་མཉམ་དུ་བབས་ནས་མེ་ཏོག་གི་དྲི་ཞིམ་གང་སར་འཁྱབས། ང་ཚོའི་འབུར་རྟ་མགོ་ལ་གཞི་བདག་ཅིག་འཁོརཡོད་པ་མིན་ནམ།
ཡིན་ནའང་ཡ་མཚར་བ་ཞིག་ལ་མི་དེས་རྒྱ་སྐད་དག་དག་བཤད་པས་ངས་ཅི་བཤད་ཀྱི་དོན་རྟོགས་མ་སོང་ཞེས་པས། ཨ་ཁུ་སྡེ་དཔོན་གྱིས་སྐུད་པའི་མདུད་པར་སོ་འདེབ་བཞིན། ཧ་ཧ། ངོ་མ་དེ་ཡ་མཚན་རེད། ཤི་རེ་གོ།
ཁྱོད་ཀྱིས་རྒྱ་སྐད་གོ་ཚེ་ང་ཚོའི་སྡེ་བ་འདིར་དང་བླང་གཞི་བདག་ཅིག་ཡོང་ཡོད་ན་ཐང༌། ཧ་ཧ། དེ་ཡིན་ནའང་ང་ཚོར་རྒྱ་སྐད་ཤེས་མཁན་མེད་པས་ལོ་ཙ་བ་ཞིག་ཀྱང་འཚོལ་དགོས་ཟེར།
གཉིས།
ཐང་སྟོད་སྨད་གཉིས་ཀས་གཞི་བདག་འཕྲོག་རྩོད་བྱས་པ།
དབྱར་ཟླ་དྲུག་པའི་ཚེས་གཅིག་དང་ཚེས་བཞི། ཚེས་བཅོ་ལྔ་སོགས་ནི་བླ་རི་ཡོད་པའི་སྡེ་བ་ཚང་མས་ལ་རྩེ་བསྟད་ནས་གཞི་བདག་མཆོད་པའི་ཉིན་མོཡིན།
ཐང་སྟོད་སྡེ་བས་ཚེས་གཅིག་ཉིན་གྱི་སྔ་དྲོ་ལ་རྩེ་བསྟད་ནས་ལྷ་རྒྱལ་འཐེན༌། ཕྱི་དྲོ་ཐང་སྨད་སྡེ་བའི་ས་ཐོག་ནས་རྟ་རྒྱུག་བྱས་པས། ཐང་སྨད་སྡེ་བའི་རུ་དཔོན་བསོད་ནམས་ཐར་གཙོ་བྱས་ནས།
བཙན་ཚོད་མེད་རྡོ་ཐོག་ཕུར་བ་བརྡབ་སོང༌། ཞེས་དམག་ཆོས་སྒྲིག་ཀྱང༌། སྡེ་དཔོན་ཀླུ་རྒྱལ་འབུམ་གྱི། སྡོད། སྡོད། ཨ་མའི་བུ་དལ་དགོས་ཞེས་བ་རེད། དང་པོ་ཚང་མ་ཚོགས་ནས་གྲོས་ཞིག་བྱེད།
བུ་བཟང་ན་ཐང་སྨད་པ་ཚོ་ནམ་སོང་ན་ཡར་སྣེ་གན་ན་ཡོད་པ་རེད། སྡེ་མི་ཚང་མར་བརྡ་རྒྱོབས་ཞེས་པས། གསར་བུ་དཔའ་རྡོལ་སྐྱབས་སོགས་ཀྱིས། འགྲོ། འགྲོ། ད་རྒྱུགས
སྡོད་དུ་མ་བཅུག་པ་རེད་ཞེས་ས་ལྡིང་གནམ་ལྡིང་འགའ་བྱས་ནའང་མཐར་སྡེ་དཔོན་གྱི་ཁར་ཉན་ནས་ཚང་མ་ཚོགས་འདུར་སོང༌། ཚང་མ་དལ་འཇགས་གེར་འདུག ཨ་ཁུ་སྡེ་དཔོན་གྱིས་བསམ་བློ་འགའ་བཏང་ནས་གྲལ་མགོ་ནས་ཡར་ལང་སྟེ། ཡ།
ད་ང་ཚོས་གྲོས་ཞིག་བྱེད། ང་ཚོའི་ས་ཐོག་ནས་རྟ་རྒྱུག་བྱས་བ་དེ་ང་ཚོར་བླ་རི་མེད་པར་ཐུབ་ཚོད་བྱས་པ་རེད་དེ།
ཡིན་ནའང་ང་ཚོའི་ས་ཐོག་ནས་རྟ་རྒྱུག་མི་ཆོག་ཅེས་གྱོད་རྒྱག་པ་ལས་ངས་བལྟས་ན་ཚེས་བཅོ་ལྔའི་ཉིན་ང་ཚོ་ཁོ་ཚོའི་གཞི་བདག་སྟོད་དུ་འགྲོ། ང་ཚོའི་བླ་རི་མིན་ནའང་གཞི་བདག་གཞན་ལ་སྐྱབས་རེ་ན་འགྲིག་གི་རེད།
དང་པོ་རིག་གནས་གསར་བརྗེ་མ་ཡོང་སྔོན་ལ། ཨ་ཕ་ཨ་ཁུ་ཡོད་དུས། སྟག་ལ་ཐ་གུ་འཛོམས་དུས། རྨ་ཕ་རི་ཚུར་རི། མཚོ་གཡས་རི་གཡོན་རི། གང་ལ་སོང་ནའང༌།
འཁྱམ་པ་ཇག་པར་ཐུག་དུས་ས་དེ་གའི་གཞི་བདག་ལ་མཆོད་པ་བྱས་ནས་སྐྱབས་རེ་ན་གཞི་བདག་ཚོས་ཀྱང་དེང་སང་གི་དཔོན་པོ་ཚོའི་ལྟ་བྱས་ནས་རྒྱུ་མཐོན་ན་སེམས་འགུལ་ནོ་ཁ་ཐོག་མིག་ཐོག་རེད། དཔེ་བཞག་ན།
ཁ་རྒྱའི་སྟོང་ཐུབ་དང་སྐྱ་རྒྱའི་འབྲུག་ལྡང་གཉིས་ཀར་བུའི་བཟང་ངན་མེད་ནའང་ཁོང་གཉིས་ཀས་བུའི་བཟང་ངན་ལ་བལྟ་རྒྱུའི་དུས་ཆད་བགོས་རྗེས་ཁ་རྒྱའི་སྟོང་ཐུབ་ཀྱིས་ཨ་མྱེས་ཁྱི་སྙིང་ལ་ལུག་ཅིག་གི་མཆོད་པ་བྱས་བ་གོ་ནས་སྐྱ་རྒྱའི་འབྲུག་ལྡང་གིས་ཨ་མྱེས་ཁྱི་སྙིང་ལ་གཡག་ཅིག་གིས་མཆོད་པ་ཕུལ་བས།
ཁོ་གཉིས་ཀ་ཐུག་དུས་ཁ་རྒྱའི་སྟོང་ཐུབ་ལ་སྐྱ་རྒྱའི་འབྲུག་ལྡང་གིས་ཨ་མས་ཕྲུ་གུར་གཅར་གཅར་བྱས་པ་རེད། གལ་ཏེ་ང་ཚོས་ཀྱང་ཐང་སྟོད་སྡེ་བའི་ལག་ནས་གཞི་བདག་བླང་བ་ཡིན་ན་དེ་ལས་ལྷག་པའི་རྒྱལ་ཁ་ཅི་དགོས།
གལ་ཏེ་ང་ཚོ་སང་ཉིས་སྡེ་ཐོག་ལ་རྒྱུག་ན་བུར་བཟང་ངན་མེད་ནའང་གཞི་བདག་ཡོད་མེད་ཀྱིས་ང་ཚོ་ཕམ་རྒྱུ་ཐག་ཆོད་རེད། དེ་བས། ང་ཚོར་མཚོན་ནའང་གཞི་བདག་ཞིག་གི་སྐྱབས་འོག་ལ་འགྲོ་དགོས།
གལ་ཏེ་ཁོ་ཚོས་བླ་རི་སྟོད་དུ་མི་འཇུག་ཟེར་ན། དེ་དུས་བུ་བཟང་ན་ངན་ན། གཞི་བདག་ཡོད་ན་མེད་ན་དུས་ལ་བབས་པ་རེད། ངས་ཀྱང་བཤད་དགོས་ས་ནས་བཤད། འཐབ་དགོས་ས་ནས་འཐབ།
ཡིན་ནའང་འདི་ནི་ང་རང་གི་བསམ་ཚུལ་ཙམ་ཡིན་པས་ཚང་མས་ཁ་གྲོགས། རང་རང་གི་བསམ་ཚུལ་ཡང་ཤོད། ཞེས་ཅུང་ཙམ་བསྡད་ན་འང་སུས་ཀྱང་ཁ་མ་གྲག་པས། བསོད་ནམས་ཐར་ཤོད་དང་ཟེར།
ཚང་མས་གཅིག་གིས་གཅིག་གི་གདོང་ལ་ལྟ་བཞིན་སྐད་དམའ་མོས། ངོ་མ་མཁས་བ་རེད། ཟེར་བ་ཙམ་ལས་བསམ་ཚུལ་མི་འདྲ་བ་ཅི་ཡང་མེད།
ཨ་ཁུ་མཁས་གྲུབ་ཀྱིས་རིག་གནས་གསར་བརྗེའི་སྔོན་ལ་བསམ་གཏན་གླིང་ནས་ས་ལམ་གྲུབ་མཐའ་སོགས་ལ་ཅུང་ཙམ་བལྟས་ཡོད་པས།
ཨ་མྱེས་ཁྱི་སྙིང་དང་ཨ་མྱེས་ཇོ་རུ་གཉིས་ལ་སའི་མཐོ་དམན་གྱི་ཁྱད་པར་ཡོད་ངེས་པས་སྡེ་དཔོན་གྱི་བསམ་ཚུལ་དེར་དོགས་པ་ཅུང་ཙམ་ཟས་ནའང༌།
ཁོའི་མོ་རྩིས་ལུང་བརྟན་ཀྱིས་སེམས་ཅན་ལ་ཡིད་མི་ཆེས་བ་འགའ་རེ་བྱས་མྱོང་ཞིང་ཁོང་གི་སྐད་ཆར་ཚང་མས་དོ་སྣང་དེ་ཙམ་མི་བྱེད་པས་ཁོས་ཅི་ཡང་བཤད་མ་ཐུབ། རུ་དཔོན་བསོད་ནམས་ཐར་གྱིས།
ཡར་ལྟ་མར་ལྟ་ཞིག་བྱས་ནས་ཚང་མར་བསམ་འཆར་གཞན་མེད་དམ། ང་འཐད་པ་ཡིན། ཞེས་སྡེ་མི་ཚང་མ་གྲོས་མཐུན་བྱུང༌། ཚོགས་འདུ་གྲོལ་རྗེས་གཞན་ཅི་ཡང་བཤད་རྒྱུ་མི་འདུག་པས། གསར་བུ་དཔའ་རྡོལ་སྐྱབས་སོགས་ཀྱིས།
གལ་ཏེ་ལ་རྩེ་སྟོད་དུ་མི་འཇུག་ན། མི་རིང་མི་རྒྱུད། གནའ་འདྲ་འདྲ་ད་ཨེ་རེད་ལྟ་ཞེས་དཔའ་ཚོད་མ་ཐུབ་པར་ཁུ་ཚུར་འཕུར་བཞིན་རང་རང་གི་ཡུལ་ཕྱོགས་སུ་སོང༌།
བླ་རི་མེད་པའི་སྡེ་བ་ཞིག་གིས་ཐང་སྟོད་སྡེ་བའི་བླ་རི་འཕྲོག་འདོད་ཀྱི་སེམས་འཚབ་ལངས་ནས་གྲོ་ནས་སྲན་གསུམ་གྱི་གསང་རྩི་བརྔོས། བལ་དཀར་གྱི་རྨི་ཐག་འཁལ།
ཇ་ཕུལ་ཆང་ཕུལ་གྱི་གྲ་སྒྲིག་བྱས་ནས་ཉིན་བཅོ་ལྔའི་རིང་ཟི་ཟི་ལོང་ལོང་བྱེད།
དེ་རིང་སྔ་མོ་ནས་ཐང་སྨད་སྡེ་བའི་སྐྱེས་བ་རྒན་གཞོན་ཚང་མ་ཨ་ཁུ་སྡེ་དཔོན་ཚང་གི་སྒོ་ཁར་འཛོམས་ནས། ཡ།
གསང་རྩི་རྒྱ་མ་ཆིག་སྟོང་དང་རྨི་ཐག་འདོམ་པ་ལྔ་སྟོང་ལྔ་བརྒྱ་འདུག་ཅེས་ཨ་ཁུ་སྡེ་དཔོན་དང་རྒད་པོ་འགའི་གདོང་ལ་འཛུམ་མདང་རེ་ཤར་ནས།
གོ་ཚོད་ལ་ད་ལོར་ཁོ་ཚོས་ལ་རྩེ་སྟོད་སྐབས་གསང་རྩི་རྒྱ་མ་ལྔ་བརྒྱ་ཙམ་ལས་མེད་ཚོད་འདུག དེ་རིང་ང་ཚོར་ལྟད་མོ་ཞིག་འདུག
ཅེས་པས་གསར་བུ་ཚོས་དཔའ་ཚོད་མ་ཟིན་པར་སྡེ་དཔོན་ཚང་གི་སྒོ་ནས་རྟའི་ཁ་སྐོར་གཅུས་ཤིང་ལྷ་རྒྱལ་འཐེན། ཨ་ཁུ་སྡེ་དཔོན་གྱིས། གསར་བུ་ཚོ་དལ་མོ་བྱོས། ད་དུང་ལྷ་རྒྱལ་མ་འཐེན། སྔ་དྲག་པ་རེད། གསང་འཕུལ་ན་ཉིན་གུང་གི་སྔོན་ལ་འཕུལ་དགོས། གསང་ཕུལ་རྗེས་ལྷ་རྒྱལ་འཐེན་ཞེས་སྡེ་དཔོན་གྱིས་སྣེ་ཁྲིད་ནས་ལམ་ལ་ཆས།
བོད་ཀྱི་བུད་མེད་ཚོར་སྡེ་དོན་ལ་སྐད་ཆ་བཤད་རྒྱུའི་ཐོབ་ཐང་མེད་པས་ཚང་མ་ཁུ་སིམ་མུརཡོད་ནའང༌།
གོ་རྒས་མ་ཚེ་རིང་སྐྱིད་ཀྱིས་ད་ཐེངས་མི་གཞན་ལ་གསང་རྩི་དང་རྨི་ཐག་བསྐུར་མ་དགོས་བར་ལོ་ན་བཅུ་གསུམ་ལ་སོན་པའི་རང་གི་བུ་ཆུང་དོན་གྲུབ་དངོས་སུ་ལ་རྩེ་སྟོད་དུ་སོང་བར་དགའ་ནའང༌།
ལ་རྩེ་ན་ས་རྩོད་ཆུ་རྩོད་མིན་པའི་རྩོད་པ་སོ་མ་ཞིག་གིས་སྒུག་ཡོད་པ་ཤེས་ནས། ཨ་མྱེས་ཇོ་རུས་མཁྱེན། ངའི་བྱི་ལི་ལོ་བཅུ་གསུམ་ཡིན་ཟེར་བཞིན་ཉིན་གང་བོར་གཞི་བདག་གི་ཕྱོགས་སུ་བལྟས་ནས་བསྡད།
ཐང་སྨད་སྡེ་བའི་ཕོ་རྒན་གཞོན་ཚང་མས་རྟ་ཞོན་ནས་ཐང་སྟོད་སྡེ་བའི་རུ་འདབས་བཅད་ནས་གཞི་བདག་རི་བོའི་འགོར་འགོས་པས།
ཐང་སྟོད་སྡེ་བས་ཅི་ཡིན་འདི་ཡིན་མ་ཤེས་བར་ལུག་ལྕགས་རའི་ནང་དུ་རྒྱག་བཞིན་གཅིག་གིས་གཅིག་ལ་འདྲི།
སྔ་དྲོ་དུས་ཚོད་བཅུ་བ་ཙམ་ལ་ཐང་སྨད་སྡེ་བའི་ལ་སྟོད་ཚོ་རི་རྩེར་བསླེབས་ཏེ་གསང་མཻ་གསོ་མ་ཐུབ་པར་ཡུན་རིང་འགོར་བས་སྡེ་མི་ཚང་མ་སེམས་ཁྲལ་ལངས།
གསར་བུ་དཔའ་རྡོལ་སྐྱབས་ཀྱིས། ཡ་མཚན། ཨ་མྱེས་ཇོ་རུས་ང་ཚོའི་གསང་རྩི་མི་བཞེས་སམ་ཞེས་སེམས་ཀྱི་དོགས་པ་ཁ་ནས་ཤོར་བས། སྡེ་དཔོན་གྱིས་མིག་གཉིས་ཀས་ཙག་སྒྲའི་སྒམ་ཆུང་སྟེང་ལ་ཕུར་ཚུགས་སུ་ལྟ་བཞིན།
ཁྱི་ཁ་ཚུམས་ཟེར།
དུས་ཚོད་གཅིག་ཙམ་གྱི་རིང་ལ་ཙག་སྒྲ་སྒམ་ཆུང་ལྔ་ཙམ་ཚར་ནའང་ད་དུང་མེ་ཁ་གསོ་མ་ཐུབ་པས་ལ་སྟོད་ཚོས་དེ་རིང་གསང་མེ་གསོ་མ་ཐུབ་ཚེ་ཕམ་ཁའི་ཐོག་ལ་ངོ་ཚ་དེ་གང་ལ་འཁྱེར་བསམ་ནས་རང་རང་ས་ན་ཐབས་ཤེས་རེ་ཨེ་བརྙེད་ཀྱི་བསམ་བློ་གཏོང༌།
མཐའ་འཇུག་ཨ་ཁུ་ཐབས་མཁསཀྱིས་དབང་སའི་སྟེང་ལ་འོང་བ་སྐམ་པོ་ཞིག་གླན་ནས་མེ་ཁ་གསོས་པས་སྡེ་མི་ཚང་མའི་གདོང་ལ་འཛུམ་ཆུང་རེ་ཤར་ནའང༌།
དེ་མ་ཐག་རླུང་གཡུག་མཚམས་ཆད་ནས་གསང་དོ་དགོང་ལ་མི་འགྲོ་བ་མ་ཟད་རླུང་རྟ་ཚང་མ་ཡར་ལ་མཆོད་ན་དེ་མ་ཐག་ས་ལ་ལྷུང༌། ཚང་མས་ཨ་མྱེས་ཇོ་རུ་ཞེས་གུ་འབོད་བྱེད་བཞིན་གསང་ཁྲིར་སྐོར་བ་བྱེད།
སྡེ་དཔོན་གྱིས་རུམ་ནས་དུང་དཀར་ཞིག་བླང་ནས་གསང་ཁྲིར་སྐོར་བ་བྱེད་བཞིན་འབུད་ཅི་ཐུབ་བྱས།
རྒད་པོར་སེམས་འཚབ་ལངས་ནས་མིག་གིས་རྡོག་ལམ་མ་ནོན་པར་རྐང་སྣེ་ས་འབུར་ཞིག་ལ་འཐོག་ཏེ་ས་ལ་འགྱེལ་ནས་ལག་གི་དུང་དཀར་དག་དག་རྡོ་རྒན་ཞིག་ལ་ཁེལ་ནས་དུམ་བུ་དགུ་རུ་གྱུར་པས་ཚང་མས། ཨ་མྱེས ཞེས་གུ་མཚམས་ཀྱང་ཆད།
ཚང་མའི་སེམས་ལ་རྣམ་རྟོགས་ལང་ནའང་ཁ་ནས་ཅི་ཡང་བཤད་མ་ཕོད་པར་སྡེ་དཔོན་ལ་བལྟས་ཏེ་བསྡད། ཨ་ཁུ་སྡེ་དཔོན་གྱིས་ཚིག་གཅིག་ཀྱང་མི་བཤད་པར་འཐད་མ་འཐད་ཀྱིས་གསང་ཁྲིར་སྐོར་བ་འགའ་བྱས་རྗེས། ཡ། གསར་བུ་ཚོ། ད་འགྲོ།
ཚང་མས་རུམ་ལ་རྡོ་འགའ་རེ་ཆུག ཞེས་ཚང་མས་རྟ་ཁྲིད་ནས་མར་འབབ་སྐབས་གློ་བུར་ཏུ་གསར་བུ་དཔའ་རྡོལ་སྐྱབས་ཀྱིས་ཕྱིར་མིག་ཅིག་ཀྱང་མ་བལྟས་བར་རྟ་ཁྲིད་ནས་རིའི་ཕར་རྒྱབ་ཐུར་དུ་བྲོས་པས། ཚང་མས། ཡ་ཡ། སྐྲག་ཤོར།
ཁྱི་རྒན། ཞེས་གཤེས་གཤེས་བཏང༌། དོན་ངོ་མར་བཤད་ན་དཔའ་རྡོལ་སྐྱབས་ཀྱི་རྗེས་སུ་འགྲོ་འདོད་མཁན་མང་ནའང༌།
ཚང་མས་ངོ་ཚར་འཛེམ་ནས་རུམ་ལ་རྡོ་འགའ་རེ་བཅུག་ཏེ་ཕྱིར་ལམ་བརྒྱུད་ནས་ཐང་སྟོད་སྡེ་བའི་ཉེ་སར་བསླེབས་སྐབས་ད་ནིང་སྡེ་དཔོན་ཚང་གིསྒོ་ཁར་ལྷ་རྒྱལ་འཐེན་མཁན་གྱི་གསར་བུ་དེ་ཚོ་རེད་ཅེས་བཤད་ན་སུས་ཀྱང་ཡིད་ཆེས་དཀའ།
གཞི་བདག་རིའི་སྟེང་གི་དུ་བ་དང་ཐང་སྨད་སྡེ་བའི་གསར་བུ་ཚོའི་སྐད་གོ་ནས་ཐང་སྟོད་སྡེ་བས་ཚང་མར་བརྡ་བརྒྱབས་ནས་སྡེ་དཔོན་ཚང་གི་གསང་ཁྲིའི་སྟེང་ནས་གསང་ཞིག་ཕུལ་དེ།
བླ་་རི་དཀར་བོའི་རྩེ་ལ་གནས་བའི་གཞི་བདག་ཕ་མ་འདྲ་བོ། མི་ཆེན་དང་རྒྱུ་ཆེན་གྱི་ཁ་ལ་མི་ཉན་པར་ཁྱེད་ཚང་གི་སྐྱབས་འོག་ནས་ནམ་ཡང་དོར་མི་ཉན། ཞེས་གུ་འབོད་ཐེངས་གཅིག་བྱས་ཏེ་ཚང་མ་ཁྱིམ་ལ་ཚོགས་ནས།
སྡེ་དཔོན་བདུད་འདུལ་གྱིས་གོ་སྒྲིག་བྱས། ཁོ་ཚོ་ཕྱིར་ཡོང་གི་རེད། ལམ་ཁ་ནས་སྒུག ས་ཤོར་ན་ཤོར། རྩ་ཤོར་ན་ཤོར། གཞི་བདག་ཤོར་དུ་མི་འཇུག་ཁག་ཐག་ཡིན། མདའ་གྲི་མདུང་གསུམ་གྱི་གྲ་སྒྲི་བྱོས།
ཞེས་ཚང་མས་དམག་ཆས་སྒྲིག ཐང་སྨད་སྡེ་བའི་ལ་སྟོད་ཚོ་ཇེ་ཉེ་ནས་ཇེ་ཉེར་གྱུར་ཏེ་རྒད་པོ་ཚོ་སྔོན་དུ་འགྲོ་ལ་གསར་བུ་ཚོ་རང་ཤུགས་ཀྱིས་རྗེས་སུ་ལུས།
ཐང་སྟོད་སྡེ་བའི་ཕོ་རྒན་གཞོན་ཚང་མས་མདའ་གྲི་མདོང་གསུམ་བཟུང་ནས་སྡེ་དཔོན་ཚང་གི་སྒོར་བུད་དེ་གསང་ཁྲིར་སྐོར་བ་ཞིག་བྱས་ནས་ལམ་ཁར་ཡོང་ནས་བསྡད།
ལ་སྟོད་ཚོ་ཐག་ཉེར་བསླེབས་པ་དང་ཇི་བསམ་འདི་བསམ་མ་སྤྲད་པར་རྡོས་རྒྱག་ཅི་ཐུབ་བྱས་པས། ཨ་ཁུ་ཀླུ་རྒྱལ་འབུམ་གྱིས། བདུད་འདུལ། བདུད་འདུལ།
ཞེས་ཚིག་འགའ་བཤད་རྩིས་བྱས་ནའང་རྡོ་ལོག་ཅིག་ཁོའི་ཐོད་པའི་ཐོག་ལ་ཁེལ་ནས་ཁོ་རང་ས་ལ་འགྱེལ། རུ་དཔོན་བསོད་ནམས་ཐར་གྱིས་དཔའ་འཛིང་ཅུང་ཙམ་བྱས་ནའང༌།
དཔུང་རོགས་ཚོས་རང་རང་གི་རྟའང་བཏང་སྟེ་ལྕགས་རའི་ཁ་ནས་མཆོང་སྟེ་བྲོས་སོང་པས། མང་ཁ་ཉུང་གིས་མ་བརྟེན་པར་སྡེ་དཔོན་དང་རུ་དཔོན་གཉིས་ལ་རྨས་སྐྱོན་ཚབ་ཆེན་ཕོགས།
ཕྱི་དྲོ་སྡེ་དཔོན་དང་རུ་དཔོན་གཉིས་དོན་གྲུབ་ཀྱིས་སྐྱོར་ནས་སྡེ་འདབས་སུ་སླེབ་པ་དང་གསར་བུ་འགའ་རྒྱུག་ཡོང་ནས། ཤི་རེ་གོ།
དེ་རིང་ང་ཚོར་མདའ་དང་མདོང་མེད་པས་རེད་ཟེར་ལ་ཁ་ཤས་ཀྱིས་སང་ཉིན་རྒྱུག་རྒྱུ་ཡིན་ཟེར། སྡེ་དཔོན་གྱིས་བཤད་ཐུབ་མི་ཐུབ་ཀྱིས། སང་ཉིན་སྟེར་ཞེས་ན་མ་དགའ། སང་ཉིན་གཅར་ཞེས་ན་མ་སྐྲག་ཅེས་པ་རེད།
བུ་བཟང་ན་རང་གི་རྟ་ལའང་བདག་མི་ཐུབ་བམ། ལོ་བཅུ་གསུམ་ཅན་གྱི་བྱིས་པ་ཞིག་ལའང་མི་འདྲན་པས་ཅི་བཤད་ཅེས་པས། གསར་བུ་ཚོས་དོན་གྲུབ་ཀྱི་གདོང་པར་ལྟ་ཙམ་བྱས་ནས་ཁུ་སིམ་པོར་འདུག
དོན་གྲུབ་ནི་ལོ་ན་ཆུང་བའི་ཁར་རྒྱ་ཕྲུག་ཐང་བརྙེད་ཅིག་དང་འདྲ་བར་ལྟས་མདོག་ཀྱང་མེད་མོད། ཁ་ཡ་ན་ཟླས་རྡུང་རེ་བྱས་ན་སུས་ཀྱང་མི་ཐུབ།
དེ་རིང་ཡང་ཁོ་ལ་གསར་བུ་མ་རབ་འགས་ཐལ་ལྕག་འགའ་གཞུས་ནའང་མ་བྲོས་བར་སྡེ་དཔོན་དང་རུ་དཔོན་གཉིས་ཀའི་མཉམ་དུ་བསྡད་པས་གསར་བུ་དཔའ་རྡོལ་སྐྱབས་སོགས་ལ་ངོ་ཚ་གཏད་ཡོད།
གང་ལྟར་ཨ་མྱེས་ཇོ་རུས་ཁ་ཡ་མ་བྱས་ཤིང་སྡེ་བའི་གསར་བུ་ཚོའི་དཔའ་ཚོད་ཤེས་ནས་སྡེ་དཔོན་དང་རུ་དཔོན་གཉིས་བློ་ཕམ་དང་ན་ཟུག་གིས་མནར་ཏེ་ཟླ་འགར་སྨན་གསོ་བྱས།
ཐང་སྨད་སྡེ་བའི་གསར་བུ་ཚོའི་སང་ཉིན་དང་གནང་ཉིན་མང་པོ་ཞིག་རིམ་གྱིས་འདས་ནའང༌། ད་དུང་གྲགས་འགུལ་ཅི་ཡང་མི་འདུག
གསུམ།
ཞང་ཀྲང་ཧྲན་གྱིས་སྡེ་གྱོད་བཤད་སྐབས་གཞི་བདག་གི་འཚོ་བར་ཡིད་སྨོན་ཤོར་བ།
དེ་རིང་སྔ་མོ་ནས་ཐང་སྨད་སྡེ་བའི་སྡེ་དཔོན་དང་རུ་དཔོན་གཉིས་ཀས་ལུག་འགའ་བཟུང་ནས་ཞང་ཀྲང་ཧྲན་གྱི་གཞུང་ལས་ཁང་གི་ལྟག་སྒོ་མ་བརྙེད་པར་ཡུན་རིང་བོར་བཙལ།
དེ་ལའང་ཁག་མེད་དེ་དཔོན་པོ་ཚང་མའི་རྒྱ་སྒོ་ལས་ལྟག་སྒོ་ཆེ་བས༌། མི་ཆ་མེད་ཅིག་གིས་བལྟས་ན་ལྟག་སྒོ་དང་རྒྱ་སྒོ་གང་ཡིན་མི་ཤེས།
ཞང་ཀྲང་ཧྲན་ནི་༡༩༥༩།༠༣།༡༠
ནས་བཟུང་རི་སྐྱེས་ཞང་གི་ལས་བྱེད་ཀྱི་གྲས་སུ་ཞུགས་ནས་བཅིངས་གྲོལ་དམག་གི་རྟ་རྫི་དང་གཞུང་ལས་ཁང་གི་གད་བརྡར་བ་སོགས་བྱས་ནས་རིམ་གྱིས་བོད་བཙིར་སྣུམ་ལེན་གྱི་ཉམས་མྱོང་བླངས་ནས་ཞང་ཀྲང་གི་གོ་གནས་ཐོབས་པ་ཡིན་པས
ད་ལྟ་བོད་སྐད་བཤད་པ་དག་མོ་མེད་ནའང་ཕར་བཤད་པ་ཚང་མ་གོ་བ་མ་ཟད་ཉིན་ཞིག་ཨ་ཁུ་མཁས་གྲུབ་ལ་གཞི་བདག་གི་སྐོར་ལ་སྐད་ཆའང་དྲིས་བར་བཤད།
ཉིན་གུང་ཙམ་ལ་ཞང་ཀྲང་གིས་ཁ་ནང་ལ་ཐ་མག་རྐང་གཅིག་བཙུག་ཏེ་མོ་ཏོ་དམར་པོ་ཞིག་ཞོན་ནས་གཞུང་ལས་ཁང་གི་སྒོ་ཁར་བཀག་རྗེས།
སྡེ་དཔོན་རུ་དཔོན་གཉིས་ཀས་ལུག་འགའ་བཟུང་ནས་ལྟག་སྒོའི་འགྲམ་དུ་སྡད་ཡོད་པ་མཐོང་ནས་གདོང་ལ་འཛུམ་ཞིག་ལང་སྟེ། ཨ་ཨ། ཧྲི་ཅི་ཚུན་ཀྲང་གཉིས་དེ་མོ།
ངས་ཁྱོད་ཚོའི་སྡེ་བའི་གནས་ཚུལ་དེ་གོ་ནས་ཁྱོད་གཉིས་ལ་ལྟ་རུ་ཡོང་བསམ་ཡང་བྱ་བ་རྙོག་འཛིང་ཆེ་བས་ཡོང་མ་ཐུབ་ཟེར། ཞང་ཀྲང་གིས་ཁོ་གཉིས་ལ་ཆུ་ཁོལ་དཀར་ཡོལ་གང་རེ་བླུག་སྟེ། ཁྱོད་ཚོ་འབྲོག་པ་དེ་ཚོ་རྩོད་རྒྱུ་མང་པོ་འདུག ས་བརྩད། ཆུ་བརྩད། རྩ་བརྩད། སྲུང་མ་བརྩད། གཞི་བདག་བརྩད། ཆང་འཐུང་རྗེས་བྱི་མོ་བརྩད།
ཁྱོད་ཚོར་རྩོད་རྒྱུ་ཞིག་མེད་ན་འདུག་མི་ཐུབ་བམ། ཨ་ཨ། ཞེས་པས། སྡེ་དཔོན་ཀླུ་རྒྱལ་འབུམ་འབོལ་ཁྲིའི་སྟེད་ནས་མདུན་ནུར་ཞིག་བྱས་སྟེ། ཞང་ཀྲང་ལོ་ལོ། ངོ་མ་རེད།
འབྲོག་པ་ཚོའི་རྩོད་པ་འདིས་ཁྱོད་རང་ལྷོད་ལ་འབབ་དུ་མི་འཇུག་གི་ར། ཡིན་ནའང༌། མི་བཤད་རང་བཤད་རེད། རང་དོན་ཡིན་ན་དེ་ཐེངས་གཅིག་པོར་ཁྱོད་ཀྱི་རྣ་མ་བཙོས་ན་ཆོག་མོད། ཡང་འདི་སྡེ་དོན་འཚོ་དོན་རེད།
ང་ཚོའི་སྡེ་བ་འདི་ཁྱོད་ཀྱིས་ཤེས་གསལ་བཞིན་སྡེ་བ་སོ་མ་ཡིན་པས་བླ་རི་ཡོད་ནི་མ་རེད། གཞི་བདག་ཡོད་ནི་མ་རེད། ང་ཚོ་བོད་ལ་ཕོ་གོམ་གསུམ་སྤོས་ན་ལྷ་རེ་དང་མ་གོམ་གསུམ་སྤོས་ན་འདྲེ་ཡོད་པ་རེད།
དེ་ན་ང་ཚོའི་སྡེ་བ་འདིར་སྐྱབས་རེ་ས་ཞིག་ཡོད་ནོ་ཨ་ཁུ་ཞང་ཀྲང་ཁྱོད་རེད། ལྷས་མ་སྐྱབས་པའི་ཁར་མིས་ཀྱང་ཁ་ཡ་མ་བྱས་ཚེ་ངོ་མ་ང་ཚོའི་སྡེ་བ་འདི་འཐོར་འགྲོ་རྒྱུ་ལས་མི་འདུག
སྤྱིར་ཡིན་ན་སངས་རྒྱས་ནི་ཉི་མ་ལྟ་བུ་དང། གཞི་བདག་དེའང་དེ་དང་གཅིག་པ་རེད། ཉི་མ་གཅིག་གིས་ས་འཛམ་གླིང་དྲོས་བ་བཞིན་གཞི་བདག་གཅིག་གིས་སྡེ་གཉིས་སྐྱོབ་མི་ཐུབ་པ་ག་ལ་སྲིད།
ཡིན་ནའང་མི་ལ་དབང་མེད་ན་ཁ་ཡོད་ཀྱང་བཤད་ས་མེད་ཁུ། དེ་མ་གཏོགས་ང་ཚོས་ཐང་སྟོད་སྡེ་བའི་གཞི་བདག་བསྟད་པ་དེའི་ཁོ་ཚོའི་སྡེ་བར་གནོད་པ་ཅི་ཡང་ཡོད་ནི་མ་རེད།
དྲང་མོར་བཤད་ན་ང་ཚོར་གཞི་བདག་མེད་པར་ཐུབ་ཚོད་བྱས་པ་རེད། ངོ་མ་བཙན་ཚོད་མེད་རྡོ་ཐོག་ཕུར་བ། ཕྱུག་ཚོད་མེད་བྱི་རུའི་པ་ཏྲ། མི་རང་སྡད་མགོར་གྱོད། ཁྱི་རང་སྡད་མགོར་རྡོ།
ཞེས་རྒད་པོའི་སྐད་མགོ་ཇེ་མཐོར་སོང་པས། ཞང་ཀྲང་གིས་ཚིག་མཚམས་བཅད་དེ། ད་ཧྲ་ཧྲ། ཁྱོད་ཀྱིས་གཏམ་དཔེ་བཤད་ན་ངས་གོ་གི་མ་རེད། ཧ་ཧ་ཞེས་པས་ཨ་ཁུ་ཀླུ་རྒྱལ་འབུམ་ཕྱིར་ནུར་ཞིག་བྱས་ཏེ། ཅི་ཁག ཅི་ཁག
ང་ཚོ་བོད་ཀྱི་ནང་ནའང་གཏམ་དཔེ་ཡི་དོན་མི་ཤེས་མཁན་མང་པོ་ཡོད་པ་རེད། ཞང་ཀྲང་བོད་སྐད་ལ་ཡག་པོ་འདུག་ཅེས་ཁ་ཡག་བྱེད་བཞིན་མཐེ་བོང་བསྟན།
སྤྱིར་ཞང་ཀྲང་འཛུམ་མདང་ཅན་ཞིག་མིན་ནའང་དེ་རིང་སྐད་ཆ་རེ་རེ་ཡི་མཚམས་ནས་ཧ་ཧ་ཞེས་གད་མོ་དགོད་ལ་འཛུམ་མདང་ཡང་ཡང་བསྟན་པས། སྡེ་དཔོན་རུ་དཔོན་གཉིས་ཀས་གཡང་ལ་ཚོ། དེ་རིང་ལུག་འདི་ཚོས་ཕན་ཐོགས་སོང་བསམ།
ཡིན་ནའང་ཞང་ཀྲང་གིས་གློ་བུར་དུ་ཁྱོད་ཚོའི་སྡེ་བའི་བུད་མེད་ཀྲུ་རིན་ཚེ་རིང་སྐྱིད་ཀྱིས་བོད་སྐད་བཤད་སྟངས་ཀྱིས་དལ་བུར་བཤད་ན་ངས་ཚས་མ་གོ་གི་འདུག་ཅེས་སྐད་ཆ་བཤད་སྟངས་དང་གདོང་གི་རྣམ་འགྱུར་ལ་འགྱུར་བ་ཅུང་ཙམ་ཐེབས་པས།
སྡེ་དཔོན་དང་རུ་དཔོན་གཉིས་ཀས་དོན་གཞན་ཞིག་རྟོགས་པ་བཞིན་གཅིག་གིས་གཅིག་གི་གདོང་ལ་ལྟ་ཙམ་བྱས་ནས་རེད་རེད། ཞང་ཀྲང་བདེན་ཟེར། རུ་དཔོན་བསོད་ནམས་ཐར་ཁ་དེ་ཙམ་མི་བདེ་བས། རེད་རེད།
ཨ་ཅེ་ཚེ་རིང་སྐྱིད་བཤད་མཁས་བ་རེད། ལས་མཁས་བ་རེད། བུད་མེད་ཀྲུ་རིན་ལོ་མང་པོར་བྱས་པ་རེད། ལོ་ཆུང་དུས་མོ་ཡག་མའང་རེད། མོའི་བུ་དོན་གྲུབ་ཞེས་ཚིག་མཚམས་བཞག་ཏེ་ཞང་ཀྲང་གི་གདོང་བར་ལྟ་ཙམ་བྱས་པས།
ཨ་ཁུ་ཀླུ་རྒྱལ་འབུམ་གྱིས་ཁོས་ཅི་བཤད་ཡོང་བསམ་ནས་གྲུ་མོས་རྒྱག་བཞིན་ཚིག་མཚམས་བཅད་དེ། ཞང་ཀྲང་ལོ་ལོ། ད་ཐེངས་ཀྱི་གྱོད་གཞི་འདི་ཁྱོད་ལ་གསལ། ད་ལོ་ཆར་ཆུ་བཟང་པས་ཞོ་འོ་མ་ག་ཚོད་དགོས་ན་སྐྱོན་མེད།
ལུག་ཤེད་ཀྱང་བཟང་གི། ལུག་འདོག་བྱེད་ཀྱི་ཐག་པ་གན་ང་རྗེས་ནས་ལེན་དུ་ཡོང༌། ཞེས་པས་ཞང་ཀྲང་གིས། ཧ་ཧ། སྐྱོན་མེད་སྐྱོན་མེད། ཉིན་འགའི་རྗེས་ནས་ཁྱོད་ཚོར་སྐད་གཏོང༌། དེ་དུས་ཐག་གཅོད་བྱེད། ཁྱོད་ཚོའི་དོན་དག་འདི་ཆོས་ལུགས་ཀྱི་དོན་དག་ཅིག་ཡིན་པས་ངས་ད་དུང་ཞིབ་འཇུག་གསལ་བོ་བྱེད་དགོས་ཟེར།
སྡེ་དཔོན་དང་རུ་དཔོན་གཉིས་ཕྱིར་ཡོང་བའི་ལམ་ཁར་ཁ་ཅི་ཡང་མི་གྲགས་པར་ཁུ་སིམ་མེར་རང་རང་ས་ནས་བསམ་བློ་རེ་གཏོང་བཞིན་འདུག
མཚམས་མཚམས་སུ་གཅིག་གིས་ཡ་མཚན་ཞེས་ན་ཅིག་ཤོས་དེས་ཀྱང་ངོ་མ་ཡ་མཚན་ཟེར། སྡེ་འདབས་སུ་སླེབས་པ་དང་སྡེ་དཔོན་གྱིས། ཡ་ད་རྗེས་ནས་ཁོ་ཚོ་ཡོང་ན་བལྟ། ཞེས་པས་བསོད་ནམས་ཐར་གྱིས་གོམ་པ་འགའ་སྤོས་ནས།
ཨ་ཁུ་ཀླུ་རྒྱལ་འབུམ། སང་ཉིན་ཨ་ཅེ་ཚེ་རིང་སྐྱིད་ལ་ཞོ་ཞིག་འཁྱེར་དུ་བཅུག་ན་ཅི་འདྲ་ཡིན་ནམ། ཞེས་པས་སྡེ་དཔོན་གྱི་ངོ་ལ་འཛུམ་ཞིག་ལང་ནས། རེད། ཞོ་ཟེའུ་གང་ལ་འགྲོ་སོང་ཅང་མེད་པས་ཚོད་ལྟ་ཞིག་བྱེད།
དེའང་ཐབས་ཤེས་ཤིག་རེད་ཟེར།
སྡེ་དཔོན་གྱིས་དགོང་ཆུ་འཐུང་བཞིན་བསམ་བློ་བཏང་ནས་ཁ་ཅི་ཡང་མི་གྲགས་པས། ཆུང་མ་ལྷ་རུས་ཀྱིས་སེམས་ཁུར་བྱས་སྟེ། རྒད་པོ། མི་བདེའམ། ཞེས་པས། སྡེ་དཔོན་གྱིས་སྔམ་པ་ཞིག་འཐེན་ནས།
མ་རེད། ཁྱོད་སང་ཉིན་སྔ་མོར་སོང་ནས་ཚེ་རིང་སྐྱིད་ལ་ཁོམས་ན་ཞང་ཀྲང་ལ་ཞོ་ཟེའུ་གང་སྐྱེལ་རོགས། འགྲོ་སོང་སྡེ་བས་གཏོང༌། སྡེ་དོན་ལ་ཤི་རེ་གོ་བྱོས་ཞེས་ཅི་བཤད་ལ་ཞིག་བལྟ་རོགས་ཞེས་ཤོད་ཅེས་པས།
ཆུང་མ་ལྷ་རུས་ཀྱིས། ཧ་བགད་ཅིག་བྱས་ནས། ཞང་ཀྲང་ལ་ཞོ་འདང་ཆེ་མིན་མི་ཤེས་མོད་ཞེ་འདང་དང་བུ་འདང་ཆེ་བས་ཚེ་རིང་སྐྱིད་ཀྱིས་བཤད་ན་སྡེ་དོན་ལ་སེམས་ཁུར་བྱེད་དགོས་ནི་མ་རེད་ཅེས་པས།
སྡེ་དཔོན་གྱིས་ཆུང་མར་ལྟ་ཙམ་བྱས་ནས། ཁ་ལ་བདག་བྱོས། ཤེས་དང་ཁུལ་མ་བྱེད། ཁྱོད་ལའང་གོ་རྒྱུ་མང༌། གྱོད་ཀྱི་ཐོག་ལ་གྱོད། སང་ཉིན་སྔ་མོར་སོང་ལ་ཤོད་ཟེར།
ཕྱིར་ཉིན་ནོར་བཞེས་ཚར་རྗེས་ཨ་ཅེ་ཚེ་རིང་སྐྱིད་ཀྱིས་རས་ལྭ་ནག་པོ་ཞིག་ལ་སྐ་རེགས་དམར་པོ་ཞིག་བཅིངས་ནས་ལོ་ཉི་ཤུའི་གསར་མོ་ཞིག་དང་འདྲ་བར་ཨ་ཁུ་སྡེ་དཔོན་ཚང་གི་རུ་འདབས་རྒྱུད་ནས་འགྲོ་བ་ཆུང་མ་ལྷ་རུས་ཀྱིས་མཐོང་ནས།
རྒད་པོ། ཚེ་རིང་སྐྱིད་ལ་ལྟོས་དང་ཞེས་པས། སྡེ་དཔོན་གྱིས་མ་ལྟ། མ་ལྟ་ཟེར།
ཨ་ཅེ་ཚེ་རིང་སྐྱིད་ཐང་སྟོད་སྡེ་བའི་འདབས་སུ་འགྲོ་བ་སྡེ་དཔོན་བདུད་འདུལ་གྱིས་མཐོང་ནས། ཡ། ད་འགྲིག་གི་མེད། དང་སྐབས་ཚེ་རིང་སྐྱིད་ཞང་གི་ནང་ལ་རྒྱུག་མདུར་མང་གི།
ཁྱི་བཟན་མ་གན་ཟེར། ཕྱི་དྲོ་ཉི་མ་ནུབ་ཁར་ཨ་ཅེ་ཚེ་རིང་སྐྱིད་ཀྱིས་ཨ་ཡེ་རྒན་མོ་ཞིག་དང་འདྲ་བར་གོམ་པ་འགའི་མཚམས་ནས་ངལ་གསོ་རཻ་བྱེད་བཞིན་ཡུལ་ཕྱོགས་སུ་འགྲོ་བ་ཡང་བསྐྱར་ཆུང་མ་ལྷ་རུས་ཀྱིས་མཐོང་ནས། རྒད་པོ།
ངོ་མ་ལྟོས་དང༌། འགྲོའང་ཐུབ་ཀྱི་མི་འདུག ཞོ་འཐུང་རྒྱུ་མང་གྲགས་པ་ཡིན་ནམ། ཞེས་ཧ་བགད་ཞིག་བྱས་པས། སྡེ་དཔོན་གྱི་གདོང་ལ་འཛུམ་ཞིག་ལང་ནས་ཅི་ཡང་མི་བཤད་པར་བསོད་ནམས་ཐར་ཚང་ལ་བུད་ཐལ།
སྡེ་བ་གོང་མས་སྡེ་དཔོན་དང་རུ་དཔོན་གཉིས་ཀའང་ལྷོད་ལྷོད་བྱས་འདུག་ས་མེད་པས། ལུག་འགའ་ཁྲིད་ནས་ཞང་ཀྲང་ཡོད་སར་འགྲོ་དགོས་ལ།
ཞང་ཀྲང་གིས་གྱོད་གཞི་འདི་ཐག་གཅོད་མི་བྱེད་པར་ཡུན་རིང་བོརསྒུག་དོན་ཡང་དེ་ཡིན་པས། ཨ་ཁུ་བདུད་འདུལ་གྱིས་རུ་དཔོན་བོས་ནས་ཁ་བརྡ་ཞིག་བྱེད་ཟེར།
ད་ཐེངས་ལུག་འགས་ཕན་ཐོག་མིན་མི་ཤེས་མོད་ཡིན་ནའང་ལུག་ཤས་མི་ཕན་ན་འབྲོག་པ་ཞིག་གིས་ཁྱི་ཤ་གང་ནས་འཁྱེར་ཡོང༌། ཁྱོས་བལྟས་ན་ལུག་འགའ་བརླག་ན་མ་བརླག་ན། ང་ཚོར་བུད་མེད་ཚོགས་གཙོ་འཇོན་པོ་ཞིག་ཀྱང་ཡོད་ནི་མ་རེད། གང་ལྟར་ད་ཐེངས་འགྲོ་སོང་ཞིག་ཡོད་ནི་རེད། ཡང་ན་གསང་མཆོད་རེ་བྱས་ནས་མ་ཤེས་ཁུལ་གྱིས་འདུག རྒྱུ་བཙལ་ན་བརྙེད་གི་རེད།
མི་བརྙེད་ནོ་གཞི་བདག་རེད་ཟེར།
ཞང་ཀྲང་གིས་ཐང་སྟོད་སྡེ་བའི་སྡེ་དཔོན་དང་རུ་དཔོན་གཉིས་ཀྱང་ཡོང་གི་རེད་བསམ་ནས་ལྟག་སྒོའི་ཕྱོགས་སུ་ཡང་ཡང་ལྟ་བཞིན་ཨ་ཁུ་མཁས་གྲུབ་ཀྱིས་གཞི་བདག་ལ་འགྲེལ་བཤད་བྱས་པ་དེར་བསམ་གཞིགས་བྱེད་བཞིན།
མཚམས་མཚམས་སུ་གདོང་ལ་འཛུམ་མདངས་རེ་ལང་བར་བལྟས་ན།
ཁོས་གཞི་བདག་གི་འཁོར་གང་ཞིག་ན་རླུང་དཀར་གྱི་གཤོག་བ་ཐོག་པའི་དྲེལ་དཀར་ཞིག་ལ་བརླ་ཡས་ཞོན་ནས་ཆང་ཕང་ཁ་མཐེ་བོང་གིས་བཅད་དེ་ལྷོ་འཛམ་བུ་གླིག་གི་འགྲོན་འབོད་ལ་སོང་ནསཤ་ཆང་གང་མང་གི་སྟོན་མོ་དག་དག་ལ་རོལ་ནས་བསྡད་ལོས་ཡོད་བསམ།
ཨ་ཁུ་མཁས་གྲུབ། ཇ་འཐུང༌། ཇ་འཐུང༌།
ཡ་ཡ ཡ་ཡ། ཞང་ཀྲ་ལོ་ལོ་ངས་ཁྱོད་ཅིག་ནས་རིག་མྱོང་འདུག གང་ནས་རེད། ངའི་དྲན་པ་འདི་ད། ཞང་གི་ནང་ད་མ་རེད། ཨ་ཨ། ད་མི་དྲན་གི། མིན།
དེ་རིང་ང་ཡོང་དོན་ང་ཚོའི་སྡེ་བར་མཚམས་ཁང་ཆུང་ཆུང་ཞིག་ལས་ཨེ་ཐུབ་བསམ་ནས་ཡོང་བ་ཡིན། དེ་ལ་ཁྱོད་ཀྱིས་རོགས་ཤིས་བྱེད་རོགས།
དེ་ཆོག་གི་ཡིན་ནའང། ཁྱོད་ཚོ་བོད་ཀྱི་གཞི་བདག་ཅེས་བ་དེ་ལྷ་རེད་དམ་མི་རེད།
དེ་ལྷ་མ་རེད་ལ་མིའང་མ་རེད། དེ་ལྷ་མ་ཡིན་རེད། དྲི་ཟ་རེད། བླ་རིའི་རྩེར་གནས་ཡོད་པ་རེད། སུས་མཆོད་ན་དེ་ལ་མགོན་སྐྱབས་བྱེད་ནི་རེད། ནུས་བ་ཆེན་པོ་རེད།
ང་ཚོ་མི་ལས་གཞི་བདག་སྐྱིད་པོ་ཡོད་རྒྱུ་རེད།
ལོས་ཡོད། རླུང་དཀར་གྱི་གཤོག་པ་ཐོག་པའི་ཆིབས་རྟ་དྲེལ་དཀར་འཕུར་ཤེས་ཀྱི་གོང་ལ་བྱོན་རྗེས་ཉིན་རེར་ས་འཛམ་བུ་གླིང་ལ་སྐོར་ས་གསུམ་རེ་རྒྱག་ཐུབ་ནི་རེད།
ང་ཚོས་གྲོ་ནས་སྲན་གསུམ་དང་ཤ་མར་ཐུལ་གསུམ། ཇ་ཆང༌། ཞོ་འོ་མ་སོགས་ཟ་མ་གང་བཟང་གང་ཞིམ་གྱིས་མཆོད་པ་བྱེད་ཀྱི་ཡོད་པ་རེད། དེ་ཚང་མ་གཞི་བདག་གིས་བཞེས་ཀྱི་ཡོད་པ་རེད།
ང་ཚོ་གཞི་བདག་གི་ས་ཆ་དེར་འགྲོ་ཐུབ་ནི་ཨེ་རེད།
དེར་འགྲོ་ཐུབ་ནི་རེད། གཞི་བདག་གི་རྒྱལ་བོ་ཨ་མྱེས་རྨ་ཆེན་རེད། དེ་ལ་སྨོན་ལམ་རྒྱབ་ན་གཞི་བདག་གི་གནས་ལ་འཐེན་གྱི་རེད། ཡིན་ནའང་ང་ཚོ་འབྲོག་པ་ཚོ་དེར་སོང་ནའང་བྱ་བ་ལས་ཤེས་ནི་མ་རེད།
ཞང་ཀྲང་ཁྱོད་འདྲ་འདྲ་ཞིག་གཞི་བདག་གི་གནས་ས་ཡོད་ཚེ་ཏང་གི་སྲིད་ཇུས་ཤེས་ནོ། ཨ་ཨ། བཤད་རྒྱུ་ཡོད་ནི་མ་རེད།
ཞང་ཀྲང་གིས་སྔམ་པ་ཞིག་འཐེན་ནས་ཡང་བསྐྱར་ལྟག་སྒོའི་ཕྱོགས་སུ་ལྟ་ཙམ་བྱས་ཏེ།
རླུང་འཁོར་ཁ་ལོ་བར་ཁ་པར་རྒྱབ་ནས་རླུང་འཁོར་ནང་ལ་སྣུམ་གྲ་སྒྲི་བྱོས་དང་སང་ཉིན་ཐང་སྨད་ལ་འགྲོ་དགོས་ཟེར།
ཞང་ཀྲང་ཐང་སྟོད་སྡེ་བའི་རུ་འདབས་སུ་འགྲོ་ཞོར་ལ་སྡེ་དཔོན་བདུད་འདུལ་ལ་ཉིན་གུང་འབུར་རྟ་མགོའྀ་མགོན་ནས་ཚོགས་འདུ་ཚོགས་རྒྱུ་ཡིན་པས་དེར་ཤོག་ཅེས་པས། ཨ་ཁུ་བདུད་འདུལ་གྱིས།
ཞང་ཀྲང་ཚུར་ཕེབས། ཇ་གང་རེ་འཐུང་ཞེས་ནའང་ཞང་ཀྲང་གིས་དེ་རིང་ཡོང་ཁོམས་མི་འདུག་ཟེར།
ཨ་ཁུ་ཀླུ་རྒྱལ་འབུམ་ཚང་ནས་བསོད་ནམས་ཐར་དང་ཨ་ཁུ་མཁས་གྲུབ། ཨ་ཅེ་ཚེ་རིང་སྐྱིད་སོགས་མི་མང་པོ་སྒོར་བུད་ནས་ཞང་ཀྲང་ལ་ཕེབས་བསུ་བྱེད། ཞོ་འོ་མ་དང༌།
ཤ་མར་ཐུལ་གསུམ་གྱི་སྡེར་ཁའི་ཁྲོད་ན་ཇ་ཆང་གི་བདེ་བར་རོལ་བའི་ཞང་ཀྲང་གི་གདོང་ལ་འཛུམ་ཞིག་ལང་ནས་ལག་པ་ཡ་གཅིག་གིས་ཤ་ལྡོག་ཅིག་དང་ཡ་གཅིག་གིས་ཞོ་དཀར་ཡོལ་གང་བཟུང་ནས་སྔོན་ལ་གང་འཐུང་རྒྱུའི་སེམས་ཐག་མ་ཆོད་པར་འདུག ཨ་ཅེ་ཚེ་རིང་སྐྱིད་ཀྱིས། ཞང་ཀྲང༌། ཤ་དང་ཞོ་མཉམ་དུ་འཐུང་ན་ཨེ་བདེའམ་ཞེས་པས། ཞང་ཀྲང་གིས་སྐྱོན་མེད་ཆང་གིས་ཟ་མ་ཞུ་གི་རེད་ཅེས་ཟ་ཅི་ཐུབ་དངའཐུང་ཅི་འཐུབ་བྱེད།
རྒྱ་སྐད་དང་བོད་སྐད་འདྲེས་མའི་ཀུ་རེ་རྩེས་བཞིན་ཨ་ཅེ་ཚེ་རིང་སྐྱིད་ཀྱི་གདོང་ལ་རེ་རེ་ལྟ།
དུས་ཚོད་གཅིག་ཙམ་གྱི་རྗེས་ནས་ཞང་ཀྲང་གིས་མདུན་ལ་རུས་བ་སྡེར་རྒན་གང་དང་ཞོ་ཟེའུ་སྟོང་པ་ཞིག་བཟུང་ནས་རྒོད་ཁོག་འཕུར་བཞིན།
ཆང་དཀར་ཡོལ་གང་ལག་པས་སྐྱོར་ཏེ་དེ་རིང་འབུར་རྟ་མགོའི་ཐོག་ནས་སྡེ་བ་གཉིས་ཀ་ཚོགས་འདུ་ཚོགས། དང་པོ་སྡེ་གཉིས་ཀས་རང་རང་གི་འདོད་པ་ཤོད། དེ་ནས་མཐའ་མར་ངས་ཐག་གཅོད་བྱེད། ཡིན་ནའང་སང་ཁྱོད་ཚོར་རོག་པ་བྱེད།
ངོ་མ་ཁྱོད་ཚོར་གནས་ལུགས་ཡོད་པ་རེད་ཟེར་བཞིན་ཡང་བསྐྱར་ཨ་ཅེ་ཚེ་རིང་སྐྱིད་ཀྱི་གདོང་ལ་བལྟས་པས། བུ་མོ་ཆུང་ཆུང་འགས་ཞང་ཀྲང་གི་རྣམ་འགྱུར་དེར་ལྟ་མ་བཟོད་པར་སྒོར་བྲོས།
ཉིན་གུང་འབུར་རྟ་མགོའི་ཐོག་ན་སྡེ་གཉིས་ཀའི་སྡེ་དཔོན་དང་རུ་དཔོན། ཨ་ཁུ་མཁས་གྲུབ། ཐང་སྟོད་སྡེ་བའི་ཨ་ཁུ་ཚུལ་ཁྲིམས་བཅས་ཀྱིས་ཞང་ཀྲང་སྐོར་ནས་ད་ཐེངས་ཀྱི་གྱོད་དོན་བཤད།
དང་པོ་ཞང་ཀྲང་གིས་གསུང་བཤད་དང་དེ་ནས་ཨ་ཁུ་མཁས་གྲུབ་དང་ཨ་ཁུ་ཚུལ་ཁྲིམས་གཉིས་ཀས་རིམ་བཞིན་གཞི་བདག་ལ་འགྲེལ་བཤད་བྱེད། ད་ཐེངས་ཀྱི་གྱོད་དོན་འདི་ས་དོན་ཆུ་དོན་མ་རེད།
འདི་ཆོས་ལུགས་ཀྱི་རྩོད་གཞི་ཞིག་ཡིན་པས་ཨ་ཁུ་མཁས་གྲུབ་དང་ཨ་ཁུ་ཚུལ་ཁྲིམས་གཉིས་འདིར་བོས་པ་ཡིན། ཁོང་གཉིས་ཀས་གཞི་བདག་ལ་འགྲེལ་བཤད་བྱེད་གི་རེད། ངས་བལྟས་ན་གཞི་བདག་དེ་རྩོད་དགོས་པ་ཞིག་མིན་པ་འདྲ་ཅེས་པས།
དང་པོ་ཨ་ཁུ་མཁས་གྲུབ་མདུན་ནུར་ཞིག་བྱས་ནས། རེད། གཞི་བདག་ནི་ཞང་ཀྲང་ཁྱོད་ལྟ་བུ་རེད། ང་ཚོའི་ཞང་འདི་ལ་སྡེ་བ་བཅུ་ཡོད་པ་དེར་ཁྱོད་ཀྱིས་གཅིག་མཚུངས་ཀྱིས་གཉོར་སྐྱོང་བྱེད་ཀྱི་ཡོད་པ་བཞིན།
གཞི་བདག་ལའང་སུས་མཆོད་ན་དེ་ལ་མགོན་སྐྱབས་བྱེད་ནི་རེད།
རླུང་དཀར་གྱི་གཤོག་པ་ཐོགས་པའི་ཆིབས་པ་དྲེལ་དཀར་འཕུར་ཤེས་ཀྱི་གོང་ལ་བྱོན་ན་ས་འཛམ་བུ་གླིང་ལ་ཉིན་རེར་སྐོར་བ་གསུམ་རཻ་ཕོགས་པས་ང་ཚོས་མ་བརྩད་ནའང་སྡེ་སྟོད་སྨད་གཉིས་ལ་ཅི་དགོས།
བླ་རིའི་སྟེང་ནས་བལྟས་ན་རིག་སོ་འདི་རེད། དེ་ཚུལ་ཁྲིམས་ཀྱིས་ཀྱང་མི་ཤེས་སམ། ཡིན་ན། ཚུལ་ཁྲིམས། ཞེས་པས། ཨ་ཁུ་ཚུལ་ཁྲིམས་ཀྱིས་སྡེ་དཔོན་བདུད་འདུལ་གྱི་གདོང་ལ་ལྟ་ཙམ་བྱས་ནས། རེད། སྤྱིར་དེ་འདྲ་རེད།
ཡོན་བདག་མང་དྲག་ན་བླ་མ་མི་ཁོམས་པ་བཞིན་མཆོད་བཀུར་བྱེད་མཁན་མང་དྲག་ན་གཞི་བདག་ཡིན་ཡང་དུས་ལ་བབས་ན་ཁོམས་མི་ཁོམས་ཀྱི་གནད་དོན་ཡོད་རྒྱུ་རེད། དེ་འང་ང་ཚོ་མི་ཞིག་ལ་དཔེ་བཞག་ན་ཤེས་ཀྱི་རེད།
དེ་རིང་སྡེ་བ་གཞན་ཞིག་ནས་གནད་དོན་ཞིག་བྱུང་བ་ན ཞ་ཀྲང་མི་ཁོམས་པ་ལྟ་བུ་རེད། དེ་བས་ང་ཚོས་གཞི་བདག་མཆོད་དུ་མ་བཅུག་པ་ཡིན།
ཞེས་པས་སྡེ་དཔོན་བདུད་འདུལ་གྱིས་ཨ་ཁུ་ཚུལ་ཁྲིམས་ལ་འཛུམ་ཞིག་བསྟན་ཏེ་བཤད་སྟངས་འགྲིག་སོང་བའི་བརྡ་ཞིག་བརྒྱབས། ཡིན་ནའང་ཞང་ཀྲང་གིས་གནས་ལུགས་ལ་མི་ཉན་པར་གཞི་བདག་ཅིག་ཡིན་ན་ཅི་མ་རུང་བསམ་ནས། ད་དུང་ཤོད་དང༌། གཞི་བདག་ཤོད་དང་ཟེར། དྲད་མོར་བཤད་ན་གཞི་བདག་ལ་སའི་མཐོ་དམན་ཡོད་ལ།
ཆིབས་པ་དྲེལ་དཀར་འཕུར་ཤེས་བྱོན་པའི་གཞི་བདག་དེ་ཚོ་ས་ཐོབས་པའི་གཞི་བདག་ཡིན་ཞིང༌། གཞི་བདག་གི་འཁོར་གཡོག་ཚོ་རྐང་ཐང་ལ་རྒྱུག་ནས་ཉིན་རེར་ལྕགས་ཀྱི་ལྷམ་དགུ་རཻ་ཟད་ཀྱི་ཡོད་མོད།
ཨ་ཚུལ་ཁྲིམས་ཀྱིས་ཀྱང་རྒྱུ་མཚན་དེ་དག་ཤེས་ཀྱི་མེད། ཨ་ཁུ་མཁས་གྲུབ་ཀྱིས་དེ་དོན་ཅུང་ཙམ་ཤེས་ནའང་ཁོས་མི་ལ་ཁོག་མི་སྟོན་པས་དེ་དག་འགྲེལ་བཤད་མ་བྱས། དེ་ནས་སྡེ་དཔོན་བདུད་འདུལ་གྱིས་གློ་བསང་ཞིག་བྱས་ནས།
ད་ངས་འདི་ནས་ཚིག་གསུམ་གྱིས་ཁ་བརྡ་བྱེད། ཨ་མྱེས་ཇོ་རུ། ངེད་ཚང་གི་ཨ་ཕ་ཨ་ཁུ། ཨ་མྱེས་ཡང་མྱེས་ཚང་མའི་རིང་ལ་ཞོ་འོ་མ། ཤ་མར་ཐུལ་གསུམ། ཇ་ཆང་སོགས་ཀྱིས་མཆོད་པ་རེད།
མཐའ་ན་ང་བརྒྱད་ལོར་རང་ལ་རྒྱག་ཟད་ཟ་རྒྱུ་མེད་ཀྱང་ཕྱེད་ཀ་གཞི་བདག་ལ་མཆོད་པ་ཡིན། རིག་གནས་གསར་བརྗེ་ལོར་མ་གཏོགས་མ་མཆོད་དུས་ཤིག་མེད། སྐྱིད་སྡུག་གང་ལ་ཐུག་ཀྱང་བློ་གཏོད་ས་ཞིག་ཡོད་ནོ་འདི་ཡིན།
རྒྱལ་ཁབ་ལ་བློ་གཏད་མ་ཐུབ་པ་མིན་མོད། སྲིད་ཇུས་ལ་འགྱུར་བ་མང་ནི་རེད། འགྱུར་རྒྱུ་མེད་ནོ་གཞི་བདག་དང་ང་ཚོའི་མཆོད་ཡོན་གྱི་འབྲེལ་བ་འདི་ཡིན། སྐྱིད་དུས་མ་མཆོད་པ་ཞིག་བཤད་རྒྱུ་མེད་ལ།
སྡུག་དུས་མ་སྐྱབས་ས་ཞིག་ཀྱང་བཤད་རྒྱུ་མེད། དེ་བས་ངའི་སྐྱིད་ཀྱི་སྐྱིད་རོགས་དང་སྡུ་ག་གི་སྡུག་འདི་གཞན་ལ་སྟེར་མི་ཐུབ་གི།
དེ་མིན་ཀླུ་རྒྱལ་འབུམ་དང་བསོད་ནམས་ཐར་གཉིས་ལ་ཤ་རིན་ཁྲག་རིན་དང་སྨན་རིན་སོགས་ལོས་སྟེར། ཞེས་པས་ཨ་ཁུ་ཀླུ་རྒྱལ་འབུམ་གྱིས་ སྤྱི་མཐུན་གྱི་བླ་རི་ཞིག་ལ་རེ་བ་མེད་པ་ཤེས་ནས་བསོད་ནམས་ཐར་ལ་ལྟ་ཙམ་བྱས་ནས། རེད།
རེད། གོ་ཐལ། ཡོན་བདག་ལ་རྒྱུ་ཡོད་ན་བླ་མ་ཆོས་བྱེད་ས་བརྙེད་གི་རེད། ཁྱོད་ཚོས་ལ་རྩེ་སྟོད་དུ་མི་འཇུག་ནའང༌། ང་ཚོས་འབུར་ལྟ་མགོའི་མགོ་ནས་མཆོད་པ་བྱས་ན་ཨ་མྱེས་ཇོ་རུ་འདིར་བཞེས་བ་གནང་གི་ཡོང་ཐུབ་ནི་རེད།
ངའི་ས་ཐོག་ནས་ངས་ཅི་བྱེད་ང་རང་གི་འདོད་པ་རེད། སྤྱིར་སྡེ་བ་གཉིས་ཀ་ཡར་སྣེ་མར་སྣེ་རེད། འགྲིག་ནི་མཐུན་ནི་བྱས་ན་བཟང་གི། ངེད་གཉིས་ལ་སྡེ་དཔོན་གྱི་འགན་ཞིག་ཡོད་པ་རེད།
ཡིན་ནའང་ཁྱོད་ཀྱིས་བསམ་ཤེས་མི་བྱེད་ན་ང་ལའང་ཐབས་གཞན་མི་འདུག ཅེས་པས་ཞང་ཀྲང་གིས། ཡ་གཞི་བདག་གི་གནད་དོན་དེ་ཁྱོད་ཚོས་ཐག་གཅོད་བྱས་སོང༌། ཐང་སྨད་སྡེ་བས་ཐང་སྟོད་ཀྱི་བླ་རི་མ་སྟོད།
མཆོད་པ་བྱས་ན་འགྲིག་གི་རེད། གཞན་དེ། ཧྲུ་ཅི་དང་ཚུན་ཀྲང་གཉིས་ཀའི་སྨན་རིན་ཆ་ཚང་སྡེ་བ་གོང་མས་བྱིན། ད་དུང་གཡག་གཉིས་དང་ལུག་བཅུ་རེ་བྱིན། དེ་ཉེས་ཆད་ཡིན། ཞང་གི་ནང་ལའང་གཡག་གཅིག་བྱིན།
དེའང་ཉེས་ཆད་ཡིན་ཟེར།
བཞི།
ཞང་ཀྲང་ཧྲན་ནད་ཀྱིས་བཟུང་བ།
ཞང་ཀྲང་ཧྲན་ལ་སྙིང་ནད་གསར་བ་ཞིག་བྱུང་ནས་གྲོང་ཁྱེར་གྱི་སྨན་ཁང་ཆེ་ཁག་འགའ་ནས་བརྟག་དཔྱད་བྱས་ཀྱང་ནད་ཅི་ཡིན་ངེས་འཛིན་བྱེད་མ་ཐུབ་པས་སྲོག་ཉེན་ཆེ་བར་བཤད།
ཁོང་གི་ཆུང་མས་བཤད་ན་འབྲོག་པ་ཚོའི་སྡེ་དོན་ལ་བསམ་བློ་གཏོང་རྒྱུ་མང་དྲག་ནས་སྙིང་གི་ནང་ལ་ཆུ་བསགས་པ་ཡིན་རྒྱུ་རེད། ཐང་སྟོད་སྨད་གཉིས་ཀའི་རྩོད་གཞི་དེ་བྱུང་བ་ནས་མཚན་མོར་གཉིད་མི་ཡོང་ཞིང༌།
མཚམས་རེར་རྨི་ལམ་འཁྲིག་ཏེ་ཅི་བཤད་འདི་བཤད་མེད་པར། མཚམས་རེར་རྒྱ་སྐད་དང་མཚམས་རེར་བོད་སྐད་བཤད། ཐེངས་ཞིག་ལ་གཉིད་བཤད་བྱས་ནས་རྟ་ཁྲིད་ཤོག ང་ལྷོ་འཛམ་བུ་གླིང་ལ་འགྲོ་དགོས་ཟེར། འདྲེ་ཡིས་བཟུང་བ་འདྲ།
ཏང་ཡོན་ཡིན་ནའང་མཚམས་མཚམས་ལ་གསང་བའི་སྒོ་ནས་མཆོད་པ་ཕུད་དེ་ཅི་ཞིག་ལ་གསོལ་བ་འདེབ། སྔོན་མ་དེ་འདྲ་གཏན་ནས་མི་བྱེད་ལ་ཆོགས་ལུགས་ནི་དུག་ཡིན་པར་འདོད། སྔོན་མ་ངས་མཆོད་པ་བྱས་ནའང་གཤེས་གཤེས་དགོང་གི་རེད་ཟེར།
མོ་ནི་དཔའ་ལུང་གི་རྒྱ་མ་བོད་ཞིག་ཡིན་ཞིང་མིང་ལ་ཐེན་སྒྲོལ་མ་ཟེར། བོད་སྐད་དེ་ཙམ་མི་ཤེས་ནའང་ཆོས་དད་ཅན་ཞིག་ཡིན་པས་རྒྱ་ནག་ཧ་ཤིང་གི་སྐུ་ཞིག་ནང་ན་ཡོད་ལ།
དེ་ནི་ཁོང་གཉིས་ཀས་བཟའ་སྒྲིག་བྱེད་སྐབས་ཁོ་མོར་ཨ་ཕས་བྱིན་པ་ཡིན།
ཞང་ཀྲང་ལ་སྨན་གང་བཟང་གིས་སྨན་གསོ་བྱས་ཀྱང་མ་ཕན་པར་ཨ་ཅེ་ཚེ་རིང་སྐྱིད་ཀྱིས་ཨ་ལགས་ཚང་ལ་ལུང་བསྟན་ཞུས་ཏེ་ཞབས་བརྟན་བསྒྲིབས་པས་ཅུང་ཙམ་ཕན་ནའང༌།
གསང་མཆོད་བྱས་ན་ནད་ཇེ་སྡུག་ལ་འགྲོ་བར་བཤད།
དབྱར་དང་སྟོན་གྱི་དུས་ཚིགས་བཟང་བོ་རིམ་གྱིས་འདས་ནས་དགུན་གསུམ་གྱི་ཁ་བས་ས་གཞི་བཀབ་ཏེ་རི་ཆུ་ཚང་མ་དཀར་ཤོ་ལེར་འདུག།
དེ་རིང་ཞང་ཀྲང་གི་སྙིང་ཁམས་ཧ་ཅང་ཇེ་བདེ་རུ་སོང་ནས་ཁོང་ཚང་གིས་ཀྱང་གཡག་ཅིག་བཤས་ཏེ་མགྲོན་པོ་འགའ་བོས་ནས་ཆང་འཐུང་བཞིན་ལྷོད་པོར་འདུག
ཆང་འཐུང་ཐེངས་རེར་དཀར་ཡོལ་གང་རེ་འཐུང་པ་དེ་དཔོན་རྟགས་ཤིག་ཡིན་པས་ཞང་ཀྲང་གིས་ཀྱང་ཆང་དཀར་ཡོལ་གང་རེ་བྱས་ནས་འཐུང༌། ནམ་གུང་ཙམ་ལ་ཆང་འཐུང་ཚང་མ་རང་རང་གི་ཡུལ་ལ་བུད་སོང་པས།
ཞང་ཀྲང་ད་དུང་ཉལ་མ་འདོད་པར་ཁོ་རང་གཅིག་པུས་འབོལ་ཁྲིའི་སྟེང་ན་ཆང་འཐུང་བཞིན་འདུག་ལ་ཆུང་མ་ཐེན་སྒྲོལ་མ་སྔ་་མོ་ནས་ཉལ་ཟིན།
ཁོས་ཆང་འཐུང་གིན་འཐུང་གིན་གློ་བུར་ཏུ་སེམས་ལ་ཨ་ཅེ་ཚེ་རིང་སྐྱིད་དྲན་ནས་ག་ལེར་རྐང་འཇབ་ལག་འཇབ་ཀྱིས་སྒོར་བུད་དེ། མོ་ཏོ་ཞོན་ནས་ཐང་སྨད་སྡེ་བའི་ཕྱོགས་སུ་བྱ་འཕུར་བ་ལྟར་རྒྱུག
ཆང་གིས་བཟི་དྲག་ཅིང་ལམ་ཐོག་ཏུ་ཁ་བ་ཡོད་པས་མཚམས་མཚམས་ལ་ལམ་གྱི་ཟུར་དུ་ལྷུང་ལ་ཁུལ་བྱེད། འབུར་རྟ་མགོའི་སྐེད་ལམ་རྒྱུད་ནས་འགྲོ་སྐབས་ཨ་ཅེ་ཚེ་རིང་སྐྱིད་ཚང་གི་སྦྲ་ནང་ན་མར་མེའི་འོད་སྣང་འཚེར་བ་མཐོང་ནས་ཁོ་ལ་བྲེལ་བ་ལང་ནས་མོ་ཏོའི་སྣུམ་སྒོ་ཇེ་ཆེར་བཏང་བ་དང་ཁ་བའི་ཐོག་ནས་མོ་ཏོ་འགྲིལ་བཞུད་ཤོར་ནས་འགྱེལ་ལོག་ལྔ་ཙམ་བརྒྱབས་མཐར་བར་སྣང་ནས་ཐེངས་མ་གསུམ་ཙམ་འཁོར་ཏེ་ངུ་སྐད་ཅིག་དང་མཉམ་དུ་ཨ་ཁུ་ཀླུ་རྒྱལ་འབུམ་ཚང་གི་ལྕགས་རྭར་བརྡབས་པས།
སྡེ་བ་འདིའི་ལྕགས་རྭ་ཡོད་ཚད་བཀོག་སོང་བསམ་པའི་ལྡིར་སྒྲ་ཞིག་དང་སྡེ་སྟོད་སྨད་གཉིས་ཀའི་ཁྱིའི་ཟུག་སྐད་ཀྱིས་ཁ་བས་བཀབ་པའི་ཁུ་སིམ་པའི་མཚན་མོ་ཞིག་གཉིད་ལས་ལྷང༌།
སྔ་མོ་ཨ་ཁུ་ཀླུ་རྒྱལ་འབུམ་ཚང་གི་རྩྭ་རྭའི་ནང་ན་ནོར་འགའ་ཡོད་པ་མཐོང་ནས་རྒད་པོ་ཁོང་ཁྲོ་ལང་སྟེ། ཡ་སྡེ་གན་ཟེར་བཞིན་རྡོ་འགའ་བཟུང་ནས་རྒྱུག་ཡོང་དུས།
འབུར་རྟ་མགོའི་འཁྲིས་ན་མོ་ཏོ་དམར་པོ་ཞིག་དང་དེའི་འོག་ན་མི་ཞིག་འགུལ་མེད་དུ་ལོག་འདུག་པས། རྒད་པོའི་ལག་གི་རྡོའང་རང་ཤུགས་ཀྱིས་ས་ལ་ལྷུང༌། ཁོ་རང་འཁྲིས་ལ་འགྲོ་མ་ཐུབ་པར་གོམ་པ་བཅུ་ཙམ་གྱི་མཚམས་ནས། ཨ་རོགས།
ཞེས་ཐེངས་འགར་བོས་ཀྱང་གྲགས་འགུལ་ཅི་ཡང་མི་འདུག་པས། ཡ་མཚན། བྱ་འདིའི་མིང་ལ་ཅི་འདོག ཟེར་བཞིན་ག་ལེར་འཁྲིས་སུ་སོང་ནས་གོང་བའི་ཁ་ནས་འཐེན་ཏེ་བལྟས་པས་ཆང་དྲིས་སྣ་མི་ཚུགས་པའི་རོ་མགོ་མེད་ཅིག་ཡིན་པས།
རྒད་པོས་དྲ་ལྡིང་འགའ་བྱས་ནས། ཨ། བྱ་འདི། ཨ། བྱ་འདི། ཟེར་བཞིན་ཡར་ལྟ་མར་ལྟ་ཞིག་བྱས་ཏེ་གོམ་པ་བཅོ་ལྔ་ཙམ་གྱི་མཚམས་ན་མི་མགོ་ཞིག་ཡོད་པ་མཐུང་ནས། འདི་སུ་ཡིན་ནམ།
འདི་སུ་ཡིན་ནམ་ཟེར་བཞིན་འཁྲིས་སུ་སོང་ནས་བལྟས། ཁ་ནང་ལ་དུད་དྲག་ཆགས་ཡོད་པ་དེས་དུད་འཐེན་ཞིག་ཡིན་པ་ཤེས་བ་ལས་རོའི་ཁ་ངོ་སྐྲང་ནས་སུ་ཡིན་འདི་ཡིན་མ་ཤེས་པས། མི་ཆ་མེད་ཅིག ཡ་མཚན།
སྐུན་མ་ཞིག་ཡིན་རྒྱུ་རེད་ཅེས་ཁེར་བཤད་འགའ་བྱས་ཏེ་ཕྱིར་མིག་ལྟ་བཞིན་བསོད་ནམས་ཐར་ཚང་ལ་རྒྱུག།
བསོད་ནམས་ཐར་དང་ཨ་ཁུ་ཀླུ་རྒྱལ་འབུམ་གཉིས་ཞང་གི་སྤྱི་བདེ་ལས་ཁུང་གི་སྒོ་ཁར་སླེབ་དུས་ཐེན་སྒྲོལ་མས་ནང་ན་མིག་ཆུ་ཕྱི་བཞིན་རྒྱ་སྐད་ཀྱིས་ངུ་བཤད་བྱེད་བཞིན་འདུག
སྡེ་དཔོན་དང་རུ་དཔོན་གཉིས་ཀས་རྒྱ་སྐད་མི་ཤེས་ནའང་ཐེན་སྒྲོལ་མའི་རྣམ་འགྱུར་མཐོང་ནས་ཁོ་གཉིས་ཀས་གཅིག་གིས་གཅིག་གི་གདོང་ལ་ལྟ་ཙམ་བྱས་ནས། རེད། རེད། དེའི་མོ་ཏོ་རེད། ཤུལ་ལུས་དེ་ཚོ་སྙིང་རྗེ།
ཚེ་རིང་སྐྱིད་འཆི་མེད་མ་གདོན་པ་ཡིན་ཟེར།
ཞང་ཀྲང་ཧྲན་གྱིས་རང་ཉིད་ཀྱི་གཟུགས་རུས་མཐོང་མི་ཐུབ་ཀྱང༌། ཧ་ཅང་རྒྱུས་མངའ་ཡོད་པའི་ལམ་ཁ་ཞིག་ན་རང་གི་མོ་ཐོ་དང་མི་རོ་མགོ་མེད་ཅིག་ཁ་བས་ནན་འདུག་པ་མཐོང་ནས་ཕྱི་བཤོལ་ཞིག་བྱས་པས།
སྐད་ཅིག་མ་དེའི་རིང་ལ་མེ་ཏོག་གི་ཞིག་ཁམས་ཤིག་ཏུ་བསླེབས། གོན་ལྭ་དང་སྐུ་གཟུགས་གང་གི་ཕྱོགས་ནས་བལྟས་ན་གཞན་དང་མི་འདྲ་བའི་ཕོ་གསར་ཞིག་གིས
རང་གི་འཁོར་གཡོག་ལོས་ཡིན་འདོད་པའི་མི་འགའ་ཁྲིད་ཡོང་ནས་ཁོ་ལ་བསུ་བ་བྱས། མི་དེ་ཚོ་ཚང་མས་རྐང་བར་གཅིག་མཚུངས་ཀྱིས་ལྕགས་ལྷམ་གོན་ཡོད་པ་ལས།
ལུས་ཀྱི་གོན་པ་ཆ་མི་མཉམ་པར་ལ་ལས་དགུན་ལྭ་དང་ལ་ལས་དབྱར་ལྭ་གོན་ཡོད། རྟ་ཞོན། གཡག་ཞོན། དྲེལ་ཞོན། སྟག་ཞོན། མཐའ་ན་སེང་གེ་ཞོན་མཁན་ཡང་འདུག ཕར་ལྟས་ཚོད་ཀྱིས་ལ་ལ་དམག་འཐབ་ནས་ལོག་པ་དང་འདྲ་ལ།
ཁ་ཤས་སུ་ཞིག་གི་མགྲོན་འབོད་ལ་འགྲོ་བ་ལྟར་སྣང༌། ད་དུང་ར་བཟི་བ་འགའ་ཡང་འདུག་པས་ངོ་མ་སྤྱི་ཚོགས་ཆ་མི་མཉམ་པ་ཞིག་ཏུ་སྣང༌།
ཚང་མས་བྲེལ་འཚུབ་གྱིས་ངང་ནས་རང་རང་ངོ་སྤྲོད་མདོར་བསྡུས་རེ་བྱས་རྗེས།
རྟ་ཞོན་གྱིས་རྟ་དང་གཡག་ཞོན་གྱིས་གཡག་ཞོན་ནས་ཡོབ་བརྡུང་བྱེད་བཞིན་སྔོན་དུ་འགྲོ་ལ། རྐང་ཐང་ཚོས་ལྕགས་ལྷམ་གོན་ནས་བྱ་འཕུར་བ་ལྟར་རྗེས་སུ་རྒྱུག
དེ་ནས་བཀོལ་འདེམས་པ་དེ་ག་ལེར་ཧྲན་ཞང་ཀྲང་གི་མདུན་ལ་ཡོང་ནས། ཁྱོད་བདེ་མོ།
ངའི་མིང་ལ་གཉན་ཆེན་ཟེར། འཁོར་གྱི་ཆ་ནས་ཁྱོད་རང་ངའི་འཁོར་རེད། ལས་ཀའི་ཆ་ནས་ཁྱོད་རང་རྒྱ་ཡིག་གི་གསར་འགོད་པ་དང༌། བོད་རྒྱ་ཞི་མོད་ཀྱི་སྐབས་སུ་ལོ་ཙྭ་བའང་བྱེད་དགོས།
བོད་རྒྱ་ཞི་མོད་ཀྱི་གྲོས་ཚོགས་སྔོན་མ་ཚོའི་སྐབས་སུ་ཕན་ཚུན་ལ་གོ་བརྡ་ཡག་པོ་འཕྲོད་མི་འདུག གཞི་བདག་ཕལ་ཆེར་བོད་པ་ཡིན་མོད་རྒྱ་རིགས་པའང་ཁ་ཤས་ཡོད།
ལྷག་པར་ཏུ་གཞི་རིམ་གྱི་གཞི་བདག་ཚང་མ་བོད་པ་ཡིག་རྨོངས་བ་དག་དག་ཡིན་པས་བྱ་བའི་དགོས་འཁོར་དམུགས་ནས་ཁྱོད་ལ་ལས་ཀ་འདི་སྤྲད་པ་ཡིན། ལས་བགོས་ཀྱི་ཆ་ནས་ཐང་སྨད་སྡེ་བའི་དམིགས་བསལ་གཞི་བདག་ཡིན།
ཞེས་པས་གློ་བུར་དུ་གཞི་བདག་སོ་མས་རང་གི་ཆུང་མ་ཡིད་ལ་ཤར་ཏེ་ལྕགས་ལྷམ་གོན་ནས་རྒྱུག ཐེན་སྒྲོལ་མས་ཡུགས་ཆས་བྱས་ཏེ་མ་ནི་འདོན་བཞིན་མ་མཐོང་བ་ལྟར་ཁོ་ལ་ཁ་ཡ་ཙམ་ཡང་མ་བྱས་པས།
ཁོ་རང་ཐབས་ཟད་ནས་ཨ་ཅེ་ཚེ་རིང་སྐྱིད་ཚང་ལ་རྒྱུག
ལྔ།
ཨ་ཁུ་མཁས་གྲུབ་ཀྱི་རྨི་ལམ།
ཁ་བའི་གྲོང་ཁྱེར་ན་ལྷ་འདྲའི་ཆོ་འཕྲུལ་མང་པས།
དེ་རིང་སྔ་མོར་དཔའ་རྡོལ་སྐྱབས་ཨ་ཁུ་མཁས་གྲུབ་ཚང་ལ་རྒྱུག་ཡོང་ནས་ཨ་ཅེ་ཚེ་རིང་སྐྱིད་འདྲེ་མགོ་མེད་ཀྱིས་བཟུང་འདུག་པས་མྱུར་སྐྱོབས་བྱེད་དུ་ཤོག་ཅེས་པས།
ཨ་ཁུ་མཁས་གྲུབ་ཀྱིས་མདའ་རུ་དང་སྲུང་མདའ་བཟུང་སྟེ་རང་ལ་གདེང་ཚད་ཡོད་པའི་སྒོ་ནས་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་པར་བལྟས་ན་ལྷ་འདྲེ་མང་པོའི་འཇིག་རྟེན་ལ་ཧ་ཅང་གོམས་པའི་འཐབ་མོ་པ་ཞིག་ཡིན་པའི་སྣང་བ་སྟེར།
དཔའ་རྡོལ་སྐྱབས་ཀྱི་སེམས་ལ་མི་དང་མི་མ་ཡིན་གྱི་དམག་འཁྲུག་ལ་བལྟ་འདོད་ཀྱི་བྲེལ་བ་ལངས་ནས། ཨ་ཁུ་མཁས་གྲུབ། རེ་མ་འགྲོ ཨ་ཅེ་ཚེ་རིང་སྐྱིད་སྙིང་རྗེ་ཞེས་པས།
ཨ་ཁུ་མཁས་གྲུབ་ཀྱིས་མ་ནི་འདོན་མཚམས་བཞག་ནས་དཔའ་རྡོལ་སྐྱབས་ལ་མིག་ལོག་གིས་ལྟ་བཞིན། རྐང་ཐང་ཞིག་འདི་ལས་མགྱོགས་སུ་ཇི་ལྟར་འགྲོ། ང་གཞི་བདག་མ་རེད་ཟེར།
ཨ་ཅེ་ཚེ་རིང་སྐྱིད་ཚང་དང་བར་ཐག་ཇེ་ཉེར་སོང་བ་དང་ཨ་ཁུ་མཁས་གྲུབ་ཀྱི་གོམ་ཁའང་ཇེ་དལ་དུ་སོང༌།
དཔའ་རྡོལ་སྐྱབས། ཁྱོད་ཀྱིས་འདྲེ་འདུལ་བ་མཐོང་མྱོང་ངམ།
འདྲེ་བཏུལ་བའི་གནའ་བཤད་མང་པོ་གོ་མྱོང༌། ཡིན་ནའང་དངོས་སུ་རིག་མྱོང་མེད།
ཤི་འདྲེ་ཡིན་ན་ལས་སླ་མོ་རེད། ཡིན་ནའང་གསོན་འདྲེ་ཡིན་ན་དཀའ་མོ་རེད། མི་ཞིག་དང་ཨ་ན་མ་ན་རེད། མི་ཞིག་གིས་མི་ཞིག་གསོད་རྒྱུ་ལས་སླ་བོ་ག་ལ་ཡིན། གཅིག་ནས་སྙིང་དགོས་པ་རེད།
གཉིས་ནས་མཐུ་དགོས་བ་རེད།
ཁྱིའི་ཟུག་སྐད་དང་མཉམ་དུ་ཨ་ཅེ་ཚེ་རིང་སྐྱིད་གསར་བུ་ལྔས་བཟུང་ཡང་མ་ཐུབ་པར་ཨ་ཁ་མཁས་གྲུབ་སླེབ་སོང་ཞེས་དཔའ་རྡོལ་སྐྱབས་དང་ཁོ་གཉིས་ཀའི་ཕྱོགས་སུ་རྒྱུག
མཚམས་མཚམས་ལ་རྒྱ་སྐད་དང་མཚམས་མཚམས་ལ་བོད་སྐད་བཤད། ཨ་ཁུ་མཁས་གྲུབ་ཀྱིས་དཔའ་ཉམས་ཅུང་ཙམ་ལྷོད་དེ་ལག་གཡོན་པས་མདའ་རུ་དང་ལག་གཡས་པས་སྲུང་མདའ་གཡུག་བཞིན། ཕལ། ཕལ།
རྒྱ་འདྲེ་ཞེས་ཨ་ཅེ་ཚེ་རིང་སྐྱིད་ཀྱི་གདོང་ལ་ཁ་ཆུ་འགའ་གཏོར་བས་ཅི་ཡང་མ་ཐན་པར་ཨ་ཅེ་ཚེ་རིང་སྐྱིད་ཀྱི་ཞེ་སྡང་ཇེ་ཆེར་སོང་ནས་ཨ་ཁ་མཁས་གྲུབ། སྔོན་མ་ང་གཉིས་བཟང་ས་ཡིན། ངས་ཁྱོད་ལ་མཚམས་ཁང་ལས་བྱེད་ཀྱང་བྱིན།
མཁོ་དུས་ཞང་ཀྲང་དང་མི་མཁོ་དུས་རྒྱ་འདྲེ། ང་ལ་དེ་འདྲ་མ་བྱས་ན་བཟང༌། ང་ཨ་མྱེས་གཉན་ཆེན་གྱིས་ཁྱོད་ཚོའི་སྡེ་བར་ཕྱུགས་ཁྲལ་ལེན་དུ་བཏང་བ་ཡིན་ཞེས་པས།
ཨ་ཁུ་མཁས་གྲུབ་ཀྱིས་གཏམ་གྱི་དོན་གོ་ནས་གཞི་བདག་ངོ་ཤེས་ཏེ་དཔའ་ཞུམ་ཞིང་མཐུ་ལྷོད་དེ་འབའ་ཛར་ས་ཏོ་ཧུང། ཞང་ཀྲང་ཧྲན། ཨོ། མ་རེད། གཞི་བདག་ཧྲན། ཞེས་ཁ་འཆུག སྐྱབས་སུ་འཆི་ཞེས་ཕྱག་འཚལ།
ཕྱི་བཤོལ་བྱས་ནས་སྲུང་མདའི་ཐོག་ལ་སྤོས། སྡེ་མི་ཚང་མས་ཀྱང་རི་བོང་ཅལ་འགྲོག་གི་ཕྱག་འཚལ་བས་ཨ་ཅེ་ཚེ་རིང་སྐྱིད་ཡུན་གྱིས་ཇེ་ལྷོད་ལ་བབས་ཏེ། ང་ལ་འདུག་ཁོམས་མེད། འགྲོ་དགོས། བ་ཡོན་ཐང་ལ་འགྲོ་དགོས།
ཟོང་ཁའི་རི་ལ་ཡང་འགྲོ་དགོས་ཟེར།
ཨ་ཁུ་མཁས་གྲུབ་ཀྱིས། ཨ། སྐྱབས་མགོན་མཁྱེན། དེ་རིང་ང་མེད་ཚེ་ཁྱོད་ཚོས་ཅི་ཞིག་བྱེད་ཅེས།
རང་གིས་ཅི་ཞིག་འཇོན་སོང་བའི་རྟགས་སྟོན་པའི་མོད་ལ་རང་ཉིད་སྲུང་མདའི་ཐོག་དུ་སྤོས་ཡོད་པ་ཚོར་ནས་ཅུང་ཙམ་མ་བདེ་བར། ཡར་ལྟ་མར་ལྟ་ཞིག་བྱས་ཏེ། ཀྱུ་རྒྱལ་འབུམ།
བསོད་ནམས་ཐར་དང་ཁྱོད་གཉིས་འདིར་ཤོག་དང་ཞེས་ཁཽ་ཚོ་ལུག་རྭའི་རྒྱབ་ཏུ་སོང་བས། དཔའ་རྡོལ་སྐྱབས་ཀྱིས་མིག་ལྷེམ་མེར་རྡེབ་བཞིན་ལུག་རྭའི་རྒྱབ་ཏུ་སྦས་འདུག་པས་ཚང་མ་གད་མོ་ཤོར།
དེ་ནས་བཟུང་ཧྲན་གཞི་བདག་ཅེས་རྒྱ་མིང་གིས་འབོད་མ་བདེ་བར་ཨ་ཅེ་ཚེ་རིང་སྐྱིད་མ་གཏོགས་སྡེ་མི་ཚང་མས་གཞི་བདག་སོ་མ་ཞེས་འབོད།
དྲུག
གཞི་བདག་སོ་མའི་མཛད་པ།
ས་གསུམ་དེང་རབས་ཅན་དུ་འགྱུར་ནས་གཞི་བདག་ཚོར་མ་ཅང་རྒྱན་རྩེད་ཀྱི་སྤྲོ་བ་འཕེལ་དེ།
ཁྱོད་ཤོར་ན་ངའི་ཚབ་ཏུ་སོང་དང་ང་ཤོར་ན་ཁྱོད་ཀྱི་ཚབ་དུ་འགྲོ་ཞེས་རྒྱན་འཇོག་པའི་རྩེད་མོར་གོམས། གཞི་བདག་སོ་མ་ནི་གཞི་བདག་གཞན་པའི་མ་ཅང་དང་བླངས་དགེ་རྒན་ཡིན་ལ།
གནས་དེར་རྩེད་མོ་འདིའི་སྲོད་འབྱེལ་པའི་སྟོན་པ་ལྟ་བུའང་ཡིན་པས། ཁོང་གི་ཚབ་ལ་རྒྱུག་མཁན་མང་པོ་ཡོད། ཁོ་རང་མི་ཡུལ་ནས་དཔོན་གོམས་སུ་སོང་སྟེ་བཀབ་འབེབ་རྒྱུར་དགའ་བས། ཁོའི་ཚབ་ཏུ་རྒྱུག་མཁན་ཚོར།
ཚེ་རིང་སྐྱིད་མ་བུ་གཉིས་ལ་ཡག་པོ་ལྟོས། ལྷ་སྲུང་ཐར་ངའི་བཟང་ས་ཞིག་ཡིན། གནམ་ཐར་སྐྱིད་ཀྱི་མེད་མུག་ལ་ཉན་མི་དགོས་ཞེས།
ཉེ་དགའ་ཕྱོགས་ཞེན་དང་དབུལ་ཕྱུག་གི་ཆ་ནས་ངོ་ཆེན་ངོ་མེད་ཀྱི་ཁྱད་པར་ཕྱེས། ངོ་མ་བྱི་ལ་གཡར་མས་ཙི་ཙི་མི་སོད་ཅེས་བ་བཞིན་གཞི་བདག་སོ་མའི་ཚབ་ལ་རྒྱུག་མཁན་ཚོས་ཐང་སྨད་སྡེ་བའི་བྱ་བ་ཆེ་ཆུང་གང་ལའང་དེ་ཙམ་གྱི་དོ་སྣང་མ་བྱས་པས།
ཐང་སྨད་སྡེ་བས་གཞི་བདག་གཞན་གྱིས་འཕྲོག་པར་དོགས་ནས་ལྷ་བར་ལྷ་འབབ་ཏུ་བཅུག་པས་གཞི་བདག་ལ་བྲེལ་བ་ཆེའང་ཁྱོད་ཚོ་ཐུགས་ནས་དོར་མེད་ཟེར།
དེ་ནི་ཐང་སྨད་སྡེ་བའི་གཞི་བདག་ཁོ་ན་མ་ཡིན་པར་སྡེ་བ་གཞན་པའི་གཞི་བདག་ཚོའང་དེ་ལྟར་ཡིན་པར་བཤད།
ས་ཐོབ་ཀྱི་གཞི་བདག་ཚོས་བསྟན་པ་ཆབ་སྲིད་ཀྱི་མཛད་པ་ཁོ་ན་གཉེར་ཞིང༌།
གཞི་རིམ་གྱི་གཞི་བདག་ཚོ་མ་ཅང་སོགས་རྩེད་མོའི་རིགས་ལ་གཡེང་ནས་རང་རང་གི་བྱ་བར་དོ་སྣང་མ་བྱས་པས།
ད་ལོ་དམངས་ཚོགས་ཀྱི་འཚོ་བར་ས་ཆུ་མེ་རླུང་འཁྲུགས་པའི་གྱོང་གུད་ཆེན་པོ་ཐོགས་པ་ཨ་མྱེས་རྨ་ཆེན་གྱིས་གསན་ནས་ཕོ་ཉ་བཏང་སྟེ་ཞིབ་གཤེར་བྱེད་རྒྱུའི་ཚོགས་བརྡ་བརྒྱབ།
གཞི་བདག་སོ་མའི་རྒྱུད་པ་འདར་བཞིན་ཆང་རྒྱ་མ་གང་དང་ལུག་ཤ་རྩིབས་མ་སྒམ་གང་བཟུང་ནས་ཨ་མྱེས་རྨ་ཆེན་ཚང་གི་ལྟགས་སྒོའི་ནང་ནས་འཛུལ་གྲབ་བྱེད་སྐབས་སྒོ་སྲུང་བས་མཐོང༌།
ཁོ་རེ། ཁྱོད་གང་ལ་འགྲོ་ལེ་ཡིན། ཤ་འདི་གང་ནས་བསྐུས་ལེ་ཡིན། ཆང་འཐུང་ཞིག་རེད། རྒྱ་རྒན་ཞིག་རེད་་་་་་་་་༌།
དྲང་མོར་བཤད་ན་ནག་མོ་བདུད་ཀྱི་འཇབ་རྒོལ་བ་རེ་འགའ་དང་དཀར་པོ་གླིང་གི་རྐུན་མ་ཁ་ཤས་མ་གཏོགས་ཨ་མྱེས་རྨ་ཆེན་ཚང་གི་ལྟགས་སྒོར་ཡོང་མཁན་མེད་ལ་ཡོང་དོན་ཡང་མེད་པས།
ཁོ་ནི་ལྟགས་སྒོ་རྒྱུད་པའི་མགྲོན་པོ་ཞིག་ཡིན་ཞེས་བཤད་ན་དེ་རབས་ཀྱི་གཞི་བདག་ཞིག་མིན་ན་དེའི་དོན་ག་ལ་ཤེས།
དྲང་མོར་ཤོད། གང་ནས་ཡོང་ལེ་ཡིན།
ཨ་མྱེས་གཉན་ཆེན་གྱིས་བཏང་བའི་གསར་འགོད་པ་ཡིན། ངས་ཆང་འཐུང་མེད།
ཤ་འདི་དང་ཆང་འདི་ངའི་ལོ་གསར་ལོ་རྒྱལ་ཡིན།
ཕ་རོ་ཟ། གསར་འགོད་པ་ཡིན་ན་ལྟགས་སྒོ་ལ་ཕ་རོ་ཟ་ལེ་ཡོང་ལེ་ཡིན་པས། ས་རིམ་པ་དགུའི་འོག་ལ་མནན་ལེ་ཡིན།
ཞེས་གཞི་བདག་གོང་མའི་བཀབ་ཁྲོལ་མེད་པར་སྒོ་སྲུང་བ་ཚོས་ཐད་ཀར་ཐང་སྨད་སྡེ་བའི་བྱང་ཕྱོགས་ཀྱི་ས་རིམ་པ་དགུའི་འོག་ཏུ་མནན་པ་བརྒྱབས། ལོ་རེར་ས་རིམ་པ་རེ་འཕགས་ན་ལོ་དགུས་ཉེས་བ་ཡོད་ཚད་ཟད་པར་བཤད།
བདུན།
ཐང་སྨད་སྡེ་བས་གཞི་བདག་མེད་པའི་བླ་རི་མཆོད་པ།
ལོ་འགའི་རིང་ལ་ཐང་སྨད་སྡེ་བའི་དཔལ་འབྱོར་གྱི་འཕེལ་ཁ་ཧ་ཅང་མགྱོགས་པས།
སྡེ་བ་གཞན་གྱི་གསར་མོ་ཚོས་ཐང་སྨད་སྡེ་བའི་མནའ་མ་ཨེ་ཉན་གྱི་རེ་བ་བྱེད་ཀྱི་ཡོད་པས། ཚང་མ་རྒྱུ་སྣང་གིས་འཁྱེར་ཏེ་མཐའ་ན་དཔའ་རྡོལ་སྐྱབས་ཀྱིས་ཀྱང་ཡག་མེད་མ་ཚོར་མིག་གིས་མི་ལྟ་བའི་ཚད་ལ་སླེབ།
སྡེ་དཔོན་དང་རུ་དཔོན་གཉིས་ཀའི་འགྲོ་སྟངས་དང་བཤད་སྟངས་ལའང་འགྱུར་བ་ཐེབས་ནས་དཔོན་ཉམས་སྟོན། དེའི་འཕྲོ་ནས་ཨ་ཅེ་ཚེ་རིང་སྐྱིད་རེད།
མོའང་སྡེ་བ་འདིའི་མེད་དུ་མི་རུང་བའི་མི་སྣ་གལ་ཆེན་ཞིག་ཡིན་པས་སྐད་ཆ་ཅི་ཞིག་དྲིས་ཀྱང་གསུན་ལན་རེ་མ་མི་ཡོང་བའི་ཚད་ལ་སླེབ།
ཡ་མཚར་བ་ཞིག་ལ་འབྲོག་སྡེ་ཆུང་ཆུང་འདིའི་ཕྱུགས་ཟོག་གི་གྲངས་འབོར་ཉུང་ནའང་ཁོ་ཚོའི་དཔལ་འབྱོར་གྱི་ཡོང་ཁུང་གཙོ་བོ་མ་ཅང་ཡིན་པས། ཕོ་མོ་གཉིས་ཀར་མ་ཅང་རྩེད་རྒྱུ་མ་གཏོགས་ལས་ཀ་གཞན་ཅི་ཡང་མེད་ལ།
སྡེ་བ་ཡར་མར་གྱི་བུ་མོ་ཚོས་སྡེ་འདི་རུ་གནས་འཚོལ་དོན་ཡང་དེ་ཡིན། མ་ཅང་རྩེས་མཁན་ཚོར་ལས་ཀ་གཞན་ཞིག་ཡོད་པ་ནི་སྔ་དགོང་གཉིས་ལ་འབུར་རྟ་མགོའི་ཐོད་ནས་གསང་མཆོད་རཻ་བྱེད་རྒྱུ་དེ་རེད།
མ་ཅང་རྩེས་བའི་ཡོང་སྒོ་ནི་ཉིན་དེའི་གསང་མཆོད་ཀྱི་སྤུས་ཀ་དང་གསང་རྩིའི་མང་ཉུང་ལ་རེག་ལས་ཡོད་ལ། གསང་རྩི་སྤུས་ཀ་ཡག་ཤོས་ནི་ལུག་ཤ་ཚོན་པོ་དང་ནས་ཆང་བསིལ་མ་ཡིན།
ཐང་སྨད་སྡེ་བའི་གསར་བུ་ཚོས་མ་ཅང་རྩེས་སྐབས་སྟོང་དང་ཁྲི།
ཡང་ན་མོ་ཏོ་དང་མོ་ཏྲ་སོགས་ཀྱི་སྐད་ཆ་ལས་མི་བཤད་པས་རྩེས་རོགས་ཚོའང་སྡེ་བ་ཡར་མར་ནས་ཡོང་བའི་ཕྱུག་བདག་དག་དག་ཡིན།
ཡིན་ནའང་ཉིན་འགའི་སྔོན་ནས་ཇོ་རུའི་ལ་རྩེ་བསྟད་པ་བཞིན་གསང་མེ་ཡག་པོ་མི་འགོ་བ་དང་གསང་དོ་དགུང་ལ་མི་འགྲོ་བ་སོགས་བཀྲ་མི་ཤིས་བའི་རྟགས་མཚན་འགའ་རེ་བསྟན།
ལྷག་པར་ཏུ་ཁ་སང་དཔའ་རྡོལ་སྐྱབས་ཀྱི་སྒོར་ཉིས་སྟོང་དང་མོ་ཏོ་ཤོར་སོང་བ་མ་ཟད་ལྷ་སྲུང་ཐར་ཀྱི་མོ་ཏྲའང་ཤོར་སོང་བས་སྡེ་མི་ཚང་མའི་སེམས་ཁ་འཁྲུགས་ནས་མཚན་གང་བོར་རྣམ་རྟོག་གིས་གཉིད་མ་ཁུག་པའི་ཁར།
དེ་རིང་སྔ་མོ་ཐང་སྨད་སྡེ་བའི་ཞོགས་དུང་རང་ཤུགས་ཀྱིས་གྲག་ཅིང་སྡེ་བའི་བྱང་ཕྱོགས་སུ་སྐར་མ་འོད་ཆེན་ཞིག་ས་ལ་ལྷུང་བས། གོང་མ་ཚང་གིས་ཁ་བྲལ་རིང་ལུགས་པའི་ལས་འགན་ཞིག་མིན་ནམ་བསམ་ནས་དོག་པ་སྐྱེས་ཤིང༌།
འོག་མ་ཚང་དང་ཐང་སྨད་སྡེ་བས་ལྷ་འདྲེའི་གནོད་པ་རེ་མིན་ནམ་བསམ་ནས་རྣ་རྟོགས་ལང༌།
ཞོགས་པའི་ཉི་གཞོན་གྱིས་ཐང་སྨད་སྡེ་བའི་མི་ཕྱུགས་ཚང་མའི་གྲང་རེག་གིས་བཅིངས་བའི་གོམ་ཁ་ཅུང་ཙམ་ལྷོད་ནས་རྒན་གཞོན་ཚང་མ་མ་བོས་རང་ཤུགས་ཀྱིས་མ་ནི་ཁང་ལ་འཛོམས་ནས།
གང་ཞིག་གི་འཇིགས་པ་ལས་སྐྱོབས་ཕྱིར་སུ་ཞིག་ལ་གསོལ་བ་དྲག་ཏུ་འདེབས། བདུད་ལྷ་རྒྱལ་གྱིས་དེ་ནི་ནུབ་རྒྱལ་གསར་གཏོད་ཆེན་མོའི་འགྲོས་དང་བསྟུན་ནས་དཔལ་འབྱོར་གྱི་གོང་འཕེལ་ཞིག་ཡིན་ཚུལ་ཚན་རིག་གིས་འགྲེལ་བཤད་བྱས།
ཡིན་ནའང་སྡེ་མི་ཚོའི་ཤེས་ཡོན་ཆུ་ཚད་ཞན་པའི་ཁར་བདུད་ལྷ་རྒྱལ་གྱིས་ཚན་རིག་དང་ཆོས་ལུགས་གཉིས་ཀ་མཉམ་དུ་བཤད། ལུང་འདྲེན་རིང་ལུགས་པར་དགག་པ་རྒྱག་བཞིན་ཕྱི་རྒྱལ་གྱི་མཁས་པ་མང་པོའི་ལུང་དྲངས།
མཚམས་མཚམས་ལ་འགྲེལ་བཤད་ལ་གནས་ལུགས་དེ་ཙམ་མེད་ཀྱང་ཨུ་ཚུགས་ཀྱང་བྱས་པས། སྡེ་བའི་ནང་གི་དགེ་བོ་འགའི་སེམས་ལ་དོགས་བ་སྐྱེས་ནའང༌།
སློབ་མ་ཚོས་ཕུགས་རིང་བོ་ཞིག་གི་དོན་ཆེན་བོ་ཞིག་གོ་བའི་ཚུལ་དུ་རྒྱབ་སྐྱོར་བྱས་ཤིང་ལག་པ་བརྡབ།
སྡེ་དཔོན་ཀྱུ་རྒྱལ་འབུམ་ལ་ཡིག་ཐོག་ནས་སྦྱངས་བའི་ཡོན་ཏན་མེད་ནའང༌། སྤྱིར་རྒད་པོ་ཤེས་རྒྱ་ཅན་ཞིག་ཡིན་པས་བདདུ་ལྷ་རྒྱལ་གྱི་གཏམ་བཤད་ཚར་ནས་སྡེ་མི་ཚང་མ་རང་རང་གི་ཡུལ་ལ་འགྲོ་སྐབས།
གཅིག་ནས་ཁོ་རང་སྡེ་དཔོན་ཡིན་པ་དང་གཉིས་ནས་ཚོགས་ས་འདུ་སར་མཇུག་བསྡོམས་ཀྱི་སྐད་ཆ་ཐུང་ཐུང་རེ་བཤད་རྒྱུར་གོམས་ཡོད་པས། གློ་ལུ་ཞིག་བྱས་ནས། ཡ་ད།
ཡུལ་ལ་སོང་ན་རང་རང་ས་ནས་བསམ་བློ་ཐོངས་དང་བདུད་ལྷ་རྒྱལ་གྱི་སྐད་ཆ་གན་ལ་ངས་བལྟས་ན་བཞི་དོར་ལྔ་བླང་ཞིག་བྱེད་རྒྱུ་འདུག ཡིན་ནའང་གཙོ་བོ་བླ་མ་དཀོན་མཆོག་ལ་གསོལ་བ་ཐོབས།
དད་ས་དང་མི་དད་ས་དེ་ཤེས་དགོས་བ་རེད་ཟེར།
༢༦ ལ ༠༣ ལ ༢༠༠༦ ལ་ཟ་ལེ་རྒྱལ་གྱིས་ཕ་རེ་སི་ནས་བྲིས་སྟེ་ཁ་བ་དུས་དེབ་སྟེང་ལ་བཀོད།།

