ཕ་ཡུལ་གྱི་གསར་བརྗེ་བ་ཚོ།
ཟ་ལེ་རྒྱལ།
ཁ་བྱང་གི་འགྲེལ།
ཉི་མ་སེར་བོ་ནུབ་རིའི་རྒྱབ་ལ་ཡལ་རྗེས་ཚེས་རིས་ཆུང་ཆུང་ཚོ་མུན་པས་བཙོན་ལ་བཀག དུས་དེ་ནས་བཟུང་གནའ་གཏམ་ལ་དུང་བའི་ཞིང་འབྲོག་དམངས་ཚོགས་དང་། ད་གཏམ་ལ་འཕྲུལ་བའི་གསར་བརྗེ་བ་ཚོས་མུན་པ་དང་ཁ་བ་མཐུག་སར་འཛུལ་ནས། འཚོ་བ་དང་བར་ཐག་རིང་སར་ནས་གྱེལ་ནས། རང་རང་འཐད་སའི་གནས་ལུགས་རེ་སྒོམ་བཞིན་ཨུ་ཚུགས་ཀྱི་འུར་རྡོ་གཡུག་རེས་བྱས་པས། ལྷ་བ་དང་མོ་བ། རྩིས་བ། གྲོང་མཆོག་པ་སོགས་ཀྱི་འཇིག་རྟེན་ལ་གྱོང་ཁུལ་བརྒྱབས་ནའང་། གངས་རིའི་དབུ་རྩེ་ནས་བདེན་པ་བཞིའི་འོད་སྣང་སྔར་ལས་ཇེ་གསལ་དུ་སོང་བས། ཚང་མས་སང་ཉིན་གྱི་གནམ་གཤིས་དེ་རིང་ལས་ཡག་པའི་རེ་བ་བྱས་ཏེ་ངའི་རྩོམ་བྱང་གི་འགྲེལ་བ་རྩོམ་ཡིག་ལས་རིང་དུ་གྱུར།
ཨ་ཕ་ཨ་ཁུས་བཤད་ན་གངས་རིའི་བཙན་རྫོང་འདི་ཉི་ཟླའི་ཕ་ས་ཡིན་པས། ས་འདི་ན་འོད་ཟེར་དང་དྲོད་ཁུལ་མཉམ་དུ་ཡོད་ཟེར། ཡིན་ནའང་དེ་ནི་གནའ་སྔ་མོ་ཞིག་གི་ལོ་རྒྱུས་རེད། ལོ་རྒྱུས་དེ་བཤད་མཁན་ཨ་ནེ་སྟོང་ཐུབ་སྒྲོལ་མ་ཡིན་ལ། ལོ་རྒྱུས་དེར་ཉན་མཁན་ཚ་བོ་བདེ་སྐྱིད་རྒྱལ་ཡིན། བཤད་ཀིན་བཤད་ཀིན་ཨ་ནེ་ངུས་ཚེ་ཉན་གིན་ཉན་གིན་ཚ་བོ་དགོད།
མི་ལ་ལས་བཤད་ན་དེ་ནི་དུས་རབས་ཤིག་གི་འགྱུར་ལྡོག་ཡིན་ལ། འགྱུར་ལྡོག་གི་ནང་ནས་བཟང་འགྱུར་ཡིན་ཟེར། མི་ལ་ལས་བཤད་ན་དེ་ནི་འདས་ཟིན་པའི་ལོ་རྒྱུས་རེད་ཟེར། ཡང་མི་ལ་ལས་དེ་ནི་འབྱུང་འགྱུར་གྱི་རེ་བ་རེད་ཟེར། ངས་ཅི་ཡིན་འདི་ཡིན་མ་ཤེས་བས་ཨ་ཁུ་ཞོགས་དུང་ལ་འདྲི་རུ་སོང་། ཁོས་དང་པོ་ཅི་ཡང་མི་བཤད་པར་མགོ་སྨན་ལེབ་མོ་གཉིས་མཉམ་དུ་འཐུང་རྗེས། ཡ་ཞི་ལི། བསམ་བློ་མང་པོ་མ་གཏོང་། ཆང་འཐུང་། ཆང་གིས་མ་བཟི་ན་བག་ཆགས་ཀྱི་དབང་གིས་སེམས་པ་དེ་གནས་ལུགས་ཀྱི་ཐོག་ནས་འདུག་ཐུབ་ནི་མ་རེད། དེ་བས་ཆང་འཐུང་། རྒྱའི་གཏམ་དཔེར། ཆང་གིས་བཟི་ན་བདེན་པ་སྐྱུག་ཅེས་བ་དེར་ང་རང་ཡིད་ཆེས་ཡོད། ཡིན་ནའང་རང་གི་མི་རིགས་ལ་བཅིང་བའི་ལྷག་བསམ་དང་བརྩེ་བ་དེ་རྣམ་དག་ཡིན་དགོས་ཟེར།
ངས་བདེན་པ་སྔས་མགོར་བཟུང་ནས་ཆང་དམ་བུ་འགའི་སྙིང་གཏམ་ལ་ཉན་བཞིན་ཡུན་རིང་ངུས། ངུས་ངུས་རྗེས་འགྲོ་སའི་གནས་མེད་ཀྱང་འདུག་འདོད་ཀྱི་སེམས་ཀྱང་མི་འདུག་པས། གང་ཞིག་ལ་འགྲོ་འདོད་ཀྱི་འདུན་པས་ང་རང་ལམ་ལ་བཅུགས། ང་ངུ་ཀིན་ངུ་ཀིན་སོང་བས་སྐར་མ་འཐར་འཐོར་ཤར་བའི་ས་སྲོད་དམར་བོ་དེ་ནས་ཅེ་སྤྱང་གིས་ངུ་འབོད་བྱེད་པ་ཐོས། འཆི་འདོད་ཀྱི་གྲ་སྒྲིག་མེད་ལ་གསོན་འདོད་ཀྱི་འདུན་པའང་ཆེན་པོ་མེད་པས་ང་ད་དུང་མདུན་དུ་སོང་། ཅེ་སྤྱང་གི་ངུ་སྐད་གོ་ནས་ང་ལ་ཞེ་སྡང་ལྷག་ཏུ་སྐྱེས། ངས་ལུག་ཐོ་འགའི་ཚེ་སྲོག་སྐྱོབ་པའི་དམ་བཅའ་བཞག་ཏེ། འུར་ཆའི་ནང་ལ་རྡོ་ལོག་ཅིག་བཞག་ནས་སོང་། བལྟས་བལྟས་རིག་རིག་ལ་ཁྱི་སྤྱང་ངན་འབྲེལ་གྱིས་ངའི་ཚེ་སྲོག་ལ་རྔོན་པ་ཇེ་མང་རེད། སོང་གིན་སོང་གིན་བཟི་ཇེ་དྭངས་ཇེ་དྭངས་རེད། ད་ནི་རྐང་བ་ན་ནས་མདུན་དུ་འགྲོ་བ་ལས་འདི་རུ་འདུག་ན་འདོད། ད་ནི་དམྱལ་བར་སྐྲག་ནས་ཕྱི་མར་འགྲོ་བ་ལས་ད་དུང་གསོན་ན་འདོད། ངས་ཕྱིར་མིག་འགའ་བལྟས་པས་རྩམ་པ་དང་འོ་མ་དྲན། ངས་ཕྱིར་འདང་འགའ་བརྒྱབས་པས་ཆུང་མ་དང་བུ་ཕྲུག་དྲན། ཨ་ཕ་སླེབ་སོང་། ཨ་ཕ་སླེབ་སོང་ཞེས་ངའི་ཞི་མོ་ངའི་མདུན་ལ་རྒྱུག་ཡོང་ངེས་ཡིན་ལ། ཆུང་མས་ཀྱང་དང་པོ་ཅི་ཡང་མི་བཤད་པར་ང་ལ་རྩམ་པ་ཞིག་སྟེར་ངེས་ཡིན། དེ་ནས་མོས་ང་ལ་འཁང་ར་ཆུང་ཆུང་ཞིག་བྱེད་ངེས་ཡིན། མཐའ་མ་དེར་མོས་ང་ལ་གུ་ཡངས་སྟེར་ངེས་ཡིན། གང་ལྟར་ང་རང་ཐག་རིང་ཞིག་ལ་སོང་མེད་པས་ཨ་ཁུ་ཞོགས་དུང་ཚང་ལ་ཆང་འཐུང་དུ་སོང་བ་ཡིན་ཞེས་བཤད་ཀྱང་ཆོག ངས་འདི་ལྟར་བསམ་བློ་བཏང་། འདང་བརྒྱབས་ཀིན་བརྒྱབས་ཀིན་འཆི་བ་དང་བར་ཐག་ཇེ་རིང་རེད། འདང་བརྒྱབས་ཀིན་བརྒྱབས་ཀིན་འཇིགས་པ་དང་ཁ་ཐག་ཇེ་ཉེ་རེད། ངས་བདེ་སྐྱིད་དང་བཟའ་ཚང་ཡུལ་ནས་བཞག་ཏེ་ཐག་རིང་ཐག་རིང་ཞིག་ལ་འགྲོ་བའི་སྣང་བ་སྟེར། ད་ངོ་མ་ངའི་བཟི་དྭངས་འདུག
ང་རང་ཕྱིར་འཁོར་ནས་ལོ་ལོན་ཉིན་ཁར་བསླེབས་དུས་ཨ་ནེ་སྟོང་ཐུབ་སྒྲོལ་མས་དཔྱིད་མེ་ཏོག་ཐང་གི་འབྲོག་པ་ལུག་བཙོང་འགར་ད་དུང་གནའ་གཏམ་བཤད་བཞིན་འདུག ང་མཐོང་བ་དང་མོས་གནའ་གཏམ་བཤད་མཚམས་བཞག་ཏེ། ངའི་མགོ་ནས་རྐང་བའི་བར་ཞིབ་ལྟ་ཞིག་བྱས་ཏེ། བདེ་སྐྱིད་རྒྱལ། ཆང་མང་པོ་མ་འཐུང་ཡ། རང་གིས་རང་ལ་ནད་བཟོས་ནས་ཅི་བྱ། ཆང་ཞེས་བ་འདི་སྔོན་མ་རྒྱ་བོ་ཁྲི་ཐོག་ན་ཡོད་པ་ཚོའི་འཐུང་རྒྱུ་ཞིག་ཡིན། དང་སང་རྒྱ་སྤྲང་གད་འོག་ན་ཡོད་པ་ཚོའི་འཐུང་རྒྱུ་ཞིག་རེད། དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན་ཞེས་བ་ཅི་མི་བདེན་ཞེས་མིག་བཙུམ་ནས་ཅི་ཞིག་ལ་གསོལ་བ་འདེབ་བཞིན་ཡུན་རིང་འགོར། ཨ་ཁུ་འབྲོག་པ་ཞིག་ལ་གནའ་གཏམ་ལ་ཉན་འདོད་ཀྱི་བྲེལ་བ་ལངས་ནས་ང་ལ་མ་དགའ་བའི་རྣམ་འགྱུར་དང་བཅས། ཕར་སོང་། ཕར་སོང་། འདི་ང་ཚོ་བོད་ཀྱི་འབྲོག་པ་ཚོས་གནའ་གཏམ་བཤད་ས་རེད་མ་གཏོགས། ཁྱོད་ཚོ་རྒྱ་མིན་བོད་མིན་གྱི་སློབ་ཆེན་པ་ཚོས་བཟི་གཏམ་བཤད་ས་མ་རེད་ཟེར། ཁྱོད་ཚོ་དང་ང་ཚོ་ཞེས་བའི་མིང་ཚིག་འདིས་ང་རང་ཡང་བསྐྱར་ཕ་ཡུལ་དང་ཁ་ཐག་རིང་བའི་ས་མཐའ་ཞིག་ལ་བསྐྱལ་བའི་སྣང་བ་བྱིན། ངས་རང་གི་སེམས་ཚོར་དྲག་པོ་ཤོག་ཆད་ཅིག་གི་ཐོག་ལ་འཕབ་འདོད་ནས་སྨྱུ་གུ་བླངས་བ་དང་། ཨ་ཁུ་འབྲོག་པ་ཞིག་གིས་གྲི་ལེན་བཞིན། ཨ་ཁྱི་ཕྲུག བཟང་ངན་ལ་བལྟ་ན་བལྟ་ཟེར། ངས་མགོ་སྐྱོར་ནས་བུའི་བཟང་ངན་ལ་བལྟ་འདོད་མེད་ཅེས་ཞུ་བ་བྱས་པས། ཨ་ཁུ་འབྲོག་པས་གྲི་ཤུབ་ལ་འཇུག་བཞིན། ཕེའེ། ངེད་ཚང་གི་མྱི་རིང་དང་མྱི་རྒྱུད་ལ་ཁྱོད་འདྲ་འདྲའི་མྱི་ངན་ཞིག་སྐྱེས་མ་མྱོངས། ཁྱི་ཕྲུག་ཚོ། ང་ཚོའི་དུས་ལ་ཧོར་ཅང་གར་རྒྱལ་བོས་ཀྱང་མ་ཐུབ་པ་རེད། ཁྱོད་ཚོའི་སྐབས་ལ་གྲི་རིག་ན་གཅིན་འཆོར་མཁན་ཁྱོད་འདྲ་འདྲ་སྐྱེས་ནས་ཚད་འདིར་ལྷུང་བ་རེད། ཨ་ཤི་རེ་གོ མྱི་ངན་ཁྱོད་འདྲ་ཞིག་ཡོད་པ་ལས་མེད་ན་བཟང་ཟེར། སྟབས་ཡག་ནས་ཨ་ནེ་སྟོང་ཐུབ་སྒྲོལ་མས་གནའ་གཏམ་གྱི་མཇུག་མཐུད་པས། ཁོས་ཁྱི་ཕྲུག་ཚོ། ཁོག་ན་ཡོན་ཏན་སྲང་གང་མེད་ཀྱང་མགོ་ལ་རྩིད་པ་སྒྱེ་གང་བཞག་ཏེ། འབྲོག་པ་ཚོའི་རིག་ས་མཐོང་ས་ནས་རྒྱ་ཆེན་མ་བྱེད། མིག་གིས་གོམ་པ་གསུམ་གྱི་ཕར་ཚུར་མི་རིག་ནའང་ཤེས་རྒྱ་མཐོང་རྒྱ་ཅན་གྱི་མོ་བ་རྩིས་བ་སོགས་ཀྱི་ལུང་བསྟན་ལ་དད་ལོག་བྱས། ད་དུང་ཁ་ནང་ན་གངས་དཀར་ཏི་སེ། ཧི་མ་ལ་ཡ། མཚོ་སྔོན་པོ། ཉི་ཟླ། སྤྲེའུ། བྲག་སྲིན་སོགས་རང་གིས་མི་ཐེག་པའི་མིང་ཚིག་ཆེ་ཆེ་ཞིག རང་གིས་རང་ཉིད་ཚད་གང་ན་ཡོད་མེད་ལ་མི་བལྟ་བར། ཆོས་སྲིད་དང་གསར་རྙིང་གི་སྐད་ཆ་སྦོམ་པོ་བཤད། ད་དུང་སྐྲག་མི་དགོས་ས་ན་ཞེ་སྡང་ཆེ་ཆེ་ཞིག དགྲ་གྲོགས་ཀྱི་དབྱེ་བ་ཡང་མི་ཤེས་བར་མགོ་ལྟག་ཁུང་ནང་ལ་བཞག་ཏེ་མིག་གིས་ལྡོག་ལམ་མི་རིག་ནོ་མགོ་ཡི་སྐྲ་མ་ཐེག་པ་ཨེ་རེད། ཡག་པོ་བྱོས་དང་ཡག་པོ་ཡིན། ང་རྒད་པོ་འཆི་མ་རན་རྒྱུ་ཅང་མེད་ཟེར། སྐད་ཆ་འདི་དག་གིས་མི་རབས་གཉིས་ཀྱི་བར་ན་མེས་པོ་མང་བོ་ལྷ་འདྲེའི་རྒྱབ་རྩར་ལང་ནས་ཚེ་སྲོག་གི་ལམ་རྒྱག་སྒྲིག་པའི་སྣང་བ་སྟེར།
ཡིན་ནའང་ང་ལ་འགྲོ་ས་དང་འདུག་ས་གཞན་ཅི་ཡང་མེད་པས་ཕར་འགྲོ་སའི་ལམ་ཕྲན་དེ་དེད་ནས་ཕྱིར་ལ་སོང་། ཆུང་མ་སྒོར་བུད་ནས་ཧབ་བགད་ཅིག་བྱས་ཏེ་ཁྱོད་ཕྱིར་སླེབ་སོང་ངམ། ཕར་འགྲོ་དུས་ཀྱི་སྤོབས་པ་དེ་མཐོང་ནས་ངས་ཁྱོད་ལ་འགྲོ་ས་ཞིག་ཡོད་རྒྱུ་རེད་བསམ་སོང་ཟེར། ངའི་ཞི་མོ་སྒོར་བུད་ནས་ཁ་ཅི་ཡང་མི་གྲགས་པར་ང་ལ་བལྟས་ཏེ་འདུག ད་ནི་ངའི་སྦྲ་ནག་གྲུ་བཞིའི་དྲོད་ཁུལ་ཡང་རླུང་གིས་ཁུར་ཟིན་པས་ང་ལ་འགྲོ་སའི་གནས་མེད་ལ་འདུག་སའི་ཡུལ་ཡང་མེད།

