ངའི་ཕ་ཡུལ་གྱི་ཕྱི་དྲོ།
ཨ་ཕས་གཡག་ཤ་ལྗེན་པས་མི་ཚེ་བསྐྱལ་བའི་གནའ་སྔ་མོའི་འཚོ་བ་དང་ང་བརྒྱད་ལོའི་ཟས་བཀག་དང་རིག་གནས་གསར་བརྗེའི་འཐབ་རྩོད་བཅས་ལ་ཕྱིར་འདང་རྒྱག་བཞིན། ཀྲུང་གོ་གསར་བ་བཀའ་དྲིན་ཆེན་པོ་རེད་ཅེས་མགོ་བོ་གཡུག་བྱེད་བཞིན་ཡིད་ཚིམས་པའི་བརྡ་ལ་འཛུམ་དཀར་ལྷོད་པོ་ཞིག་བསྟན་པ་དེས་ངའི་སེམས་པ་འཁྱག་ཤུར་སེ་བཏང་།
ཨ་ཕ། དེང་སྐབས་འཛམ་གླིང་ལ་འགྱུར་བ་འགྲོ་བཞིན་ཡོད་པས། བོད་མི་རིགས་ལ་འགྱུར་བ་འགྲོ་མི་ཆོག་པ་ཅི་ཡོད། ཁ་སང་དེ་རིང་རྒྱག་ཚད་ཟ་རྒྱུ་ཡོད་པ་འདི་ཀྲུང་གོ་གསར་བའི་བཀའ་དྲིན་མ་རེད་ཡ་ཞེས་ཚིག་མཚམས་མ་རྫོགས་གོང་། ཨ་ཕས་ང་ལ་སྡང་མིག་གིས་ལྟ་བཞིན། སྐྱག་ཕྲུག ཁ་ཚུམས། ང་བརྒྱད་ལོར་ང་ཚོས་རྩྭ་ལྡུམ་དང་ཆུ་འཁྱག་ཏག་ཏག་འཐུང་ནས་མི་ཚེ་འགྲོ་ཐབས་བྱས་བ་ཡིན། ངའི་ཕ་མ་གཉིས་དང་ཁོ་ཚོའི་ལོ་མཉམ་ཚང་མ་ལོ་དེར་ལྟོགས་ནས་ལྡེབས་ཤི་བྱས་བ་རེད། གནའ་སྔ་མོ་ཡིན་ནའང་ང་ཚོ་འབྲོག་པ་ཚོར་ཤ་ལྗེན་མ་གཏོགས་ཟ་རྒྱུ་མེད། ད་དུང་རིག་གནས་གསར་བརྗེའི་ལོར་ཞེས་ངའི་རྣ་ལམ་ནས་ཐེངས་མང་བཤད་མྱོང་བའི་གནའ་སྔ་མོའི་དཀའ་སྡུག་གི་འཚོ་བའི་གཏམ་རྒྱུད་དེ་ཡང་བསྐྱར་མགོ་བཙུགས་ཟིན་པས་ང་རང་ཁུ་སིམ་མེར་མི་འདུག་ཐབས་མེད་བྱུང་།
ཨ་ཕར་ཁ་ལན་མང་བོ་སློག་ན་རྒྱུགས་པ་རེག་པའི་ཉེན་ཁ་ཡོད་ནའང་། དེ་རིང་གདོང་མདོག་ལ་བལྟས་ན་ཁོང་ཁྲོ་ད་དུང་ལངས་མེད་པ་འདྲ། ང་རང་ཕྱི་ར་ནུར་ཅུང་ཙམ་བྱས་ནས་ཞེད་སྣང་དང་བཅས། ཨ་ཕ། རྒྱལ་བ་ཡིད་བཞིན་ནོར་བུ་བོད་ནས་བཞུགས་མ་ཐུབ་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེས་པས། ཨ་ཕས་ལག་ཟུང་ཐལ་མོ་སྦྱར་ནས་ཅུང་ཙམ་བསྡད་རྗེས། ལས་རེད། ལས་རེད། རྒྱལ་བ་བན་ཆེན་ལ་མཇལ་དཀའ་ཞེས་བ་རེད། ལས་མེད་ན་གང་ནས་མཇལ་ཐུབ། བན་ཆེན་རིན་པོ་ཆེ་པ་ཅིན་ན་བཞུགས་ཀྱང་ལས་མེད་ན་མཇལ་མི་ཐུབ་པ་འདི་ལྟ་བུ་རེད་ཅེས་བ་དང་། ཨ་མས་ཀྱང་གོ་ཁའི་ནང་ནས་མགོ་བཀྱགས་ནས། ཚེ་ལོ། ཨ་པས་བཤད་པ་དེ་ཚོ་ངོ་མ་བདེན་པ་རེད་ཡ། དེང་སང་རྒྱག་ཟ་རྒྱུ་ཡོད་པ་འདི་ཀྲུང་གོ་གསར་བའི་བཀའ་དྲིན་རེད། སྔོན་རྒྱ་རྒྱ་ཡུལ་དང་བོད་བོད་ཡུལ་ན་ཡོད་དུས་ཀྱང་། ང་ཚོར་ཤ་ལྗེན་པ་མ་གཏོགས་ཟ་རྒྱུ་མེད། ད་ལྟ་འདི་ནས་ཇེ་སྡུག་ལ་མ་སོང་ན་འདི་ཙམ་གྱིས་མི་ཆོག་རྒྱུ་ཅི་ཡོད། ལྟོགས་སྐོམ་གྱི་ཕྱོགས་ལ་སེམས་ཁུར་མི་འདུག་ཅེས་ནན་བཤད་ཅིག་བྱས་པས་ངའི་སེམས་པ་ཡང་བསྐྱར་འཁྱག་ཤུར་སེ་བཏང་།
ངོ་མ། ལས་སྐལ་གྱི་ཉི་ཟླ་དྲོན་མོ་དུས་རབས་ཀྱི་ཕྲག་པར་ལྷུང་བའི་ངའི་ཕ་ཡུལ་གྱི་ཕྱི་དྲོ་འདིར་ངའི་ཕ་མ་གཉིས་ད་དུང་གཉིད་ལས་སད་མེད་པས་ངས་ལྟོགས་སྐོམ་གྱི་ཚོར་བ་ལྗི་མོ་སུ་ལ་བཤད། ངས་འདི་ལྟར་བསམ་བློ་གཏོང་བཞིན། ཨ་ཕ་ལགས། ད་སད་རན་རེད་ཅེས་པས། ཨ་ཕས་ཁ་མ་གྲགས་གོང་ཨ་མས་ཧོ་ཧོ་ཡེ། ད་སད་རན་མ་རེད་ཉལ་རན་རེད། ངས་ནུབ་ཚ་སྐོལ་གྱིན་ཡོད་ཟེར།
ཁ་བ་དུས་དེབ་ཀྱི་སྟེང་ལ་བཀོད་པ་དེར་དེ་རིང་བཟོ་བཅོས་ཅུང་ཙམ་བྱས་བ་ཡིན།

