བུ་དགུའི་ཨ་ཕར་ངལ་གསོ་མེད།

 

ཁ་སང་དེ་རིང་གི་ཟིན་བྲིས་བཀླགས་རྗེས།

ཨ་ཁུ་ཐར་བ་འབུམ་ལ་བུ་དགུ་དང་ཚ་བོ་ཚ་མོ་དགུ་དགུ་བརྒྱད་ཅུ་གྱ་གཅིག་ཡོད། ཨ་ཁུའི་དྲིན་ལ་ཚང་མར་ཟ་རྒྱུ་འཐུང་རྒྱུ་རྒྱགས་ཚད་ཡོད་པ་དེ་ཚང་མས་རང་རང་གི་འཇོན་ཐང་དུ་བློན་ཏེ་སྐྲག་མི་དགོས་ས་ནས་ཁ་རྒྱགས་བཤད་བཞིན་འཁོན་རེས་བྱས་ནས་བསྡད་ཡོད་ནའང་།  དོན་གྱིས་ཁོ་ཚང་གི་བུ་ཆེ་བ་བློ་བཟང་བསྟན་འཛིན་རབ་ཏུ་བྱུང་ནས་དགེ་བཤེས་བཏང་རྗེས་ཕྱིར་རང་ཁྱིམ་དུ་ལོག་ནས་ལུག་རྫི་བྱེད་དགོས་ཁེལ་ཡོད། མི་གཞན་པས་བཤད་ན་བློ་བཟང་བསྟན་འཛིན་གྱིས་ལེགས་སྦྱར་སྐད་དང་ཧིན་སྐད། དབྱིན་སྐད་སོགས་ཐོགས་མེད་དུ་སྦྱངས་བ་ཁོས་སྦྱངས་བའི་ནང་ཆོས་ཉམས་ལེན་གྱི་གྲོགས་སུ་མ་སོང་བར་དེའི་འགག་རྡོར་གྱུར་ཡོད་ཟེར། གང་ལྟར་ད་ནི་བློ་བཟང་བསྟན་འཛིན་ལོ་ན་ཤིན་ཏུ་མཐོ་ཞིང་དབུ་སྐྲ་ཚང་མ་དཀར་བོར་གྱུར་ནའང་ད་དུང་མཁར་རྒྱུག་ཅིག་ལ་ཁེན་ནས་དབྱར་དགུན་མེད་པར་ལུག་རྗེས་ན་མགྲིན་པས་མགོ་བོ་མ་ཐེག་པར་གཡས་འཁྱོག་གཡོན་འཁྱོག་བྱས་ནས་འགྲོ་བཞིན་ཡོད།  

ཨ་ཁུ་ཐར་ལོས་རེ་བ་རྒྱག་ས་གཞན་ཞིག་ཡོད་པ་ནི་ཁོ་ཚང་གི་ནོར་རྫི་སྤེན་པ་ཚེ་རིང་ཡིན། ད་ལོའི་དབྱར་ཁར་སྤེན་པ་ཚེ་རིང་ལ་ནོར་ཁྱུ་ལྷས་རར་འཇུག་མ་ཐུབ་པའི་དཀའ་ངལ་ཞིག་བྱུང་ནའང་། ཁོས་ལྷས་འདབས་ནས་ངུ་འབོད་བཞིན་ཡར་རྒྱུག་མར་རྒྱུག་བྱས་ཏེ་ཁོ་ཚང་གི་ནོར་གནག་ཚོ་སྤྱང་ཀིར་ཟ་རུ་བཅུག་མེད་ལ་རི་མགོར་འཐོར་དུའང་བཅུགས་མེད། གང་ལྟར་བུ་འདི་གཉིས་ཀས་ཨ་ཁུ་ཐར་ལོའི་ཚེགས་སྡུག་གོམ་སྡུག་ལེན་གྱིན་ཡོད། ངས་འདིར་ཚེགས་སྡུག་གོམ་སྡུག་ལེན་གྱིན་ཡོད་ཟེར་དོན་ཡང་དོན་གྱིས་ཨ་ཁུ་ཐར་ལོ་ད་དུང་ཁོ་ཚང་གི་ལུག་རྫི་ཡིན་ལ་ནོར་རྗིའང་ཡིན། གཞན་པ་ཚོས་རང་རང་ས་ན་ཁ་རྒྱགས་བཤད་ནས་བསྡད་ཡོད།

རྡོ་རྗེ་ཆུང་དུས་ནས་སློབ་གྲྭར་འགྲིམས་ཏེ་ཁང་གསར་ཞིབ་འཇུག་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་ཁ་ན་ཏྲར་དཔྱད་རྗོད་པའི་ཕྱག་ལས་གནང་གིན་ཡོད། མི་ལ་ལས་ཁོ་ལ་ཁང་གསར་རྡོ་རྗེ་འབོད་ལ་ཡང་ལ་ལས་གཅེས་མིང་གི་ཚུལ་དུ་ཁང་རྡོ་འབོད། ཁོང་གི་ཕྱག་ལས་ཀྱི་འབྲས་བུར་བལྟས་ནས་མི་མང་བོས་ཁོ་ལ་སྔོན་ཐོན་པའི་ཆོ་ལོ་འདོག་མྱོང་ཞིང་། ཆོ་ལོ་དེས་ཁོའི་སྨྱུག་ཁ་ཇེ་བཙན་ལ་སོང་ནས་ཕ་རྒན་གྱིས་ད་དུང་ཤུགས་རྒྱག་དགོས་བའི་བསམ་ཚུལ་ཡང་བཤད་མྱོང་། ཡིན་ནའང་ཨ་ཁུ་ཐར་ལོས་བསམ་ཤེས་བྱས་ནས་རང་གི་བུ་ལ་བྱམས་བརྩེའི་མིག་ཞགས་ལྷོད་མ་མྱོང་མོད། ན་ནིང་རྡོ་རྗེ་ཕ་བུ་གཉིས་ཀས་ནང་འཁྱུག་ཆུང་ཆུང་ཞིག་བརྒྱབས་པ་དེར་ཉེ་འབྲེལ་ཚང་མས་སེམས་ཁུར་ཅུང་ཙམ་བྱེད་བཞིན་ཡོད།

གཞན་པ་ཚོར་ཆེད་ལས་ཅི་ཡང་མེད། ལྷ་མོ་སྐྱབས་དང་གསར་བརྗེ་སྐྱབས་གཉིས་ཀས་ཕྱི་རྒྱལ་ན་ཞིབ་འཇུག་སློབ་མའི་དུས་སྐབས་དམ་འཛིན་བྱེད་བཞིན་ཡོད། བསྟན་འཛིན་རབ་རྒྱས་གྲྭ་བ་ཡིན་ནའང་གྲྭ་སའི་རྟ་ལྕག་གི་ཁྲིམས་འོག་ནས་འདུག་མ་བཟོད་པར་སྒྲོལ་མ་གླིང་གི་ཉེ་འདབས་སུ་བྲོས་ཡོང་ནས་ཁ་ཕྱིར་འཁོར་ཏེ་དགོན་པར་ཁ་རྒྱགས་བཤད་བཞིན་ཁོ་ཚང་གི་ནོར་གནག་འགའ་འཚོང་གི་ཡིན་ཞེས་ཨུ་ཚུགས་བྱས་པས་ཡ་རབས་ཚོས་བཀའ་བཀྱོན་བཏང་ཞིང་མ་རབས་ཚོས་བསྟོད་པ་བྱས།  དགེ་མཐོང་གིས་ད་དུང་གྲྭ་ས་ན་དད་པ་དང་དམ་ཚིགས་ལ་སློབ་གཉེར་བྱེད་བཞིན་ཡོད་ལ། སྦྱིན་པ་སྐྱ་སར་བབས་ནས་སྙན་ངག་འབྲི་བཞིན་ཡོད། ཟ་ལེ་རྒྱལ་ཆུང་དུས་ནས་ཡུལ་གཞན་དུ་ལྡོམ་ཟིན། འདི་ནི་ཁོ་ཚང་གི་བུ་དགུ་བོ་ཡིན། ད་དུང་ཁོ་ཚང་ལ་ཁྱི་གུ་འཇིགས་བྲལ་དང་ཉི་མ་གཉིས་ཀྱང་ཡོད།

ཨ་ཁུ་ཚང་གི་བུ་དགུ་བོས་བོད་སྐད་བཤད་ཤེས་ནའང་ཁོ་ཚོའི་ཤེས་ཡོན་གྱི་ཆུ་ཚད་མི་མཉམ་ཞིང་གཞུང་ལུགས་ཀྱི་ཁ་ཕྱོགས་མི་གཅིག། ལ་ལ་སེམས་གཙོ་སྨྲ་བ་དང་ཁ་ཤས་དངོས་གཙོ་སྨྲ་བ་ཡིན་པས་ཁོ་ཚོ་མཉམ་དུ་འཛོམས་ནས་ཁ་བརྡ་བྱེད་དུས་ཕན་ཚུན་ལ་གོ་བརྡ་མི་འཕྲོད་པའི་དཀའ་ངལ་མང་པོ་མང་པོ་ཡོད། སྤྱིར་ལྟ་བའི་སྟེང་ནས་རྩོད་པའི་སྐད་མགོ་མཐོ་ནའང་བུ་སྤུན་ཚང་མའི་བརྩེ་བ་དྭངས་མ་དེ་ཕ་རྒན་གྱི་སེམས་ངོགས་སུ་ཟུགས་ཡོད། ཧ་ཅང་ཉེན་ཚབ་ཆེ་བའི་གནད་དོན་ཞིག་ཡོད་པ་ནི་ཁྱི་གུ་གཉིས་ཀའི་ཟུག་སྐད་མ་ཡིན་པར་ཚ་བོ་ཚ་མོ་ཚང་མས་བོད་སྐད་དང་རྒྱ་སྐད་མཉམ་བསྲས་ཀྱིས་གོ་བརྡ་འཕྲོད་ཙམ་ལས་མི་ཤེས་བས་དོན་གྱི་གནད་ལ་མ་སྙོབས་པར་ཁ་བརྡའི་ཁུག་སོ་ནས་ཕར་འཐེན་ཚུར་འཐེན་བྱེད་བཞིན་པ་དེ་ཡིན།  

ཨ་ཁུ་ཐར་བ་འབུམ་གྱིས་ད་དུང་ཡང་ངའི་བུ་དང་ཚ་བོ་ཚ་མོ་འདི་དག་མི་གཞན་དང་མ་འདྲ་བ་ཏག་ཏག་ཡིན་ཞེས་བཅོས་མ་མིན་པའི་འཛུམ་མདངས་དང་སྤོབས་པ་ནམ་ཡང་ལྷོད་མ་མྱོང་ལ། དགོངས་ལོ་བརྒྱད་ཅུར་ཉེ་ཡང་དེ་དག་གི་ཆེད་དུ་ད་དུང་ངལ་གསོ་ཅུང་ཙམ་ཡང་བྱས་མྱོང་མེད། དེ་བས་ཁོ་ཚང་གི་གསར་བུ་ཚོས་ཨ་ཕས་ལོ་བརྒྱ་དང་བཅུ་གསུམ་ལ་ཟོག་རྫི་བྱེད་པའི་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད་པ་མ་ཟད་བྱ་བ་ཆེ་ཆུང་ཅི་ཞིག་ཡིན་ཡང་ཁོ་ཚོས་འགན་མི་ཁུར་བར་༼ཨ་ཕ། ཁྱེད་རང་གིས་ལྟོས༽ཟེར་སྲོལ་ཞིག་ལོབ་ཡོད།

འདོན་སྤེལ།: ༢༠༡༠/༠༤/༡༣

 

 

  • loading

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།