ཟ་ལེ་རྒྱལ་གྱི་ཟིན་བྲིས།

བླ་མའི་སྲས་མོར་འོས་བའི་ཁྱོ་ཀ་མེད།

                                   གཅིག

སྟག་མོ་སྐྱིད་ལ་སྟག་བྷེ་དང་སྟག་ཕྲུག་སོགས་གཅེས་མིང་སྣ་ཚོགས་ཡོད་ལ་ཞེ་སྡང་མཚོ་དང་རང་ཐུག་སྐྱིད་སོགས་བཏག་མིང་ཡང་མང་བོ་ཡོད། རང་ཐུག་སྐྱིད་ཅེས་བའི་བཏག་མིང་འདི་མོས་མོ་ལ་འོས་ཤིང་འཚམས་པར་མཐོང་ནའང་ཞེ་སྡང་མཚོ་ནི་མོས་ངེས་ལེན་བྱེད་དཀའ་བའི་བཏག་མིང་དེ་ཡིན། ཡིན་ནའང་མི་ཚང་མས་མོ་ལ་དེ་ལྟར་འབོད། མོས་དང་ཐོག་བཏག་མིང་འདི་ངོས་ལེན་མ་བྱས་བར་མི་ཚང་མར་ཞེ་སྡང་བསྟན་ནའང་མིང་ཁ་ཉུང་གིས་མ་སྟེན་པར་ད་ལྟ་བཏག་མིང་འདི་མོའི་དངོས་མིང་དུ་འགྱུར་ཡོད།

མི་ལ་མིའི་ཆེ་མཐོང་དགོས་ན་རང་མགོ་ཐོན་པའི་སློབ་སྦྱོང་དང་ཡོན་ཏན་དགོས་བ་རེད། གོར་ཟ་རྒྱུ་ཡོད་པ་ཙམ་གྱིས་མིས་མཐོང་འཇོག་གི་མ་རེད་ཅེས་མོའི་ཕ་རྒན་གྱིས་མ་ནི་འདོན་འདོན་བྱས་བའི་དྲིན་ལ། ཆུང་དུས་ནས་དཔེ་དེབ་མང་བོར་ལྟ་ཀློག་བྱས་ཏེ། གླིང་གེ་སར་ནོར་བུ་དགྲ་འདུལ་དང་། ཆུ་ངོགས་གཏམ་རྒྱུད་ནང་གི་དཔའ་བོ་བརྒྱ་དང་བརྒྱད་མོའི་འཚོ་བའི་ཁྲོད་ཀྱི་སེམས་གཏམ་བཤད་ས་ཡིན། ཐེ་ཀོར་གྱི་རྩོམ་ཡིག་སྒྱུར་མ་དག་ལ་དམིགས་བསལ་གྱི་ཚོར་བ་མ་བྱུང་ནའང་རྒྱལ་སྲས་ཐེ་ཀོར་གྱི་མི་ཚེ་ལོ་རྒྱུས་ལས་མོ་ལ་རྨི་ལམ་ལྟ་བུའི་འཚོ་བའི་ཁ་ཕྱོགས་ཤིག་རེག་ཡོད།

མཁས་བ་དང་དཔོན་པོ། ཕྱུག་པོ་སོགས་སུ་ལའང་མོས་ཡིད་སྨོན་བྱེད་མ་མྱོངས་མོད་མོའི་ཡིད་སེམས་འཁོར་ས་ནི་ཕོ་སྒོ་འཛོམས་ལ་དཔའ་ངར་ལྡན་པའི་གསར་བུ་རྣམས་ཡིན། དེ་བས་མོ་མི་མང་བོར་འགྲོག་འདྲིས་མི་བྱེད་པར་ནམ་རྒྱུན་བརྩམས་སྒྲུང་མང་བོ་ཀློག་བཞིན་ཁེར་འདུག་བྱེད་རྒྱུར་གོམས་ཡོད། མོ་ལ་རང་གི་སྣང་བར་འགྲོ་བའི་དགའ་རོགས་ཤིག་རེག་མ་མྱོངས་མོད། སྡོང་རྩར་ཆུ་རྒྱག་མ་མྱོང་བའི་མོ་གསར་མེ་ཏོག་མ་ཞིག་ཀྱང་མིན། མགོ་མཐོ་སར་བཏག་ནས་སྐེ་དམའ་སར་ཆད་ཅེས་བའི་དཔེ་བཞིན་མོས་དུང་རྗོད་སྙན་ངག་དང་བརྩམས་སྒྲུང་ཁྲོད་ཀྱི་རྒྱལ་སྲས་རྟ་དཀར་ཅན་དང་ཀ་ཟ་ནོ་ཝ་སོགས་རྨི་ལམ་ལ་སྒོམ་ནས་རྭ་ལོ་སྣབ་ལུགས་དང་ཀ་ཟི་མོ་རྡོ་སོགས་མིག་ལམ་ལ་ཤར་མ་མྱོངས་མེད།

མོས་སེང་ཆེན་གྱི་བརྩམས་སྒྲུང་རིང་མོ་༼ ཁ་སྒང་གཅོད་པ་ཐར ༽ཞེས་བ་དེ་ཀློག་བཞིན་འདུག སྐབས་རེར་ཤུགས་རིང་རེ་འཐེན་ཏེ་ལག་པས་ངོ་གདོང་བཀབ་ནས་སྐར་མ་འགའ་རེར་འགུལ་མེད་དུ་བསྡད་རྗེས་ཡང་བསྐྱར་དཔེ་དེབ་ལག་དུ་བླང་ནས་མུ་མཐུད་དུ་ཀློག ཤོག་ངོས་འགའ་རེའི་མཚམས་ནས་ཡང་བསྐྱར་སྒྲུང་དེབ་འཁྲིས་སུ་བཞག་ཏེ་རང་གི་མགོ་དཀྲིས་ཀྱི་སྣེ་མོས་མིག་ཆུ་ཕྱི་བཞིན་ཁ་མུར་མུར་གྱིས་སུ་ཞིག་ལ་འཁང་ར་བྱེད། འབའ་ལུ་གུ་སྐྱིད་ཀྱིས་སེམས་ཅན་ཚང་མ་གཅིག་ཀྱང་མ་ལུས་བར་འཆི་བར་ཤོག གཅོད་པ་ཐར་དང་ངེད་གཉིས་གཅིག་པུ་འཇིག་རྟེན་འདིར་ལྷག་པར་ཤོག་ཅེས་གསོལ་འདེབ་བྱེད། ཀློག་མཚམས་འདིར་སླེབ་པ་དང་མོས་ཞེ་སྡང་གིས་སྒྲུང་དེབ་ས་ལ་གཡུག་ཏེ་ཧད་ཀྱིས་ལང་ནས། ལུ་གུ་སྐྱིད་ཀྱི་ཨ་ཕའི་རོ་ཞེས་ཡར་འགྲོ་མར་འགྲོ་འགའ་བྱས། མོས་མོ་རང་གང་ན་ཡོད་མེད་ལ་བསམ་བློ་གཏོང་གི་མེད་པ་འདྲ། ད་དུང་ནང་ཆུ་འཐུང་མེད་ནའང་ཟ་འདོད་འཐུང་འདོད་ཅི་ཡང་མི་འདུག་པའི་ཁར་དམིགས་བསལ་གྱི་ལས་ཀའང་མེད་པས། མོས་སྒྲུང་རྩོམ་དེའི་མཇུག་མི་ཀློག་ཐབས་མེད་བྱུང་།

གཅོད་པ་ཐར་གྱིས་རྟ་ནག་ནག་ཅིག་ལ་སྒ་འོག་ཁྲ་ཁྲ་ཞིག་གཡོག་ཏེ་རྟ་རྒྱུག་རྒྱལ་འཇོག་གི་དཀྱིལ་ན་ཡར་འཁོར་མར་འཁོར་བྱེད། ཞི་མོ་ཚང་མས་གཅོད་པ་ཐར་ཁོ་ནར་ལྟ་བཞིན་ཕན་ཚུན་གྱི་རྣ་ནང་ལ་ཤབ་ཤུབ་མང་པོ་བཤད་རེ་བྱེད། འབའ་ལུ་གུ་སྐྱིད་ཀྱིས་ལག་པ་ཐལ་མོ་སྦྱར་ནས་སྐབས་རེར་གཅོད་པ་ཐར་ལ་ལྟ་བཞིན་ངོ་མདངས་འགྱུར། མཚམས་རེར་མིག་གཉིས་བཙུམ་ནས་ཅི་ཞིག་ལ་གསོལ་བ་འདེབ། གསར་བུ་ཚང་མས་རང་རང་གི་རྒྱུག་རྟ་ཁྲིད་ནས་ཐག་རིང་ཐག་རིང་ལ་སོང་ནས་ཁ་ཕྱིར་འཁོར་ཏེ་རྒྱུག་མགོ་བརྩམས། ལྟད་མོ་བ་རྣམས་རྟ་རྒྱུག་ཐང་གི་འགྲམ་གྱི་དེའུ་འབུར་མཐོན་པོ་དེའི་ངོས་སུ་བསྡད་དེ་ལྟད་མོར་ལྟ། རྟ་ཕོའི་བང་རྩལ་དང་ལྟད་མོ་བའི་ཀུ་སྒྲས་ས་གཞི་རྡུལ་གྱིས་བཀང་ཞིང་ནམ་མཁའ་འུར་གྱིས་ཁངས། རྟ་ནག་ནག་ཅིག་ཇེ་ཉེ་ནས་ཇེ་ཉེར་སླེབ་པས་འབའ་ལུ་གུ་སྐྱིད་ཀྱིས་རང་གི་མགོ་དཀྲིས་ལག་པས་གཡུག་བཞིན་ཡར་ལང་པས་ཞི་མོ་ཚང་མ་ཡར་ལང་ནས་གོམ་པ་འགའ་རེ་མདུན་དུ་སྤོས། ཀུ་ཀུ་སོ་སོ་ལྷ་རྒྱལ་ལོ། ཀུ་ཀུ་སོ་སོ་ལྷ་རྒྱལ་ལོ་ཞེས་འབའ་ལུ་གུ་སྐྱིད་ཀྱིས་རང་གི་མགོ་དཀྲིས་གནམ་ལ་གཡུག་བཞིན་ས་ལྡིང་གནམ་ལྡིང་བྱས། ཁ་སྒང་གཅོད་པ་ཐར་གྱིས་རྒྱལ་ཁའི་འཛུམ་མདངས་དང་བཅས་ལྟད་མོ་བའི་ནང་ལ་རྒྱང་ལྟ་ཞིག་བྱས་པས་འབའ་ལུ་གུ་སྐྱིད་ཀྱིས་ལྷ་རྒྱལ་འཐེན་བཞིན་རང་གི་མགོ་དཀྲིས་གཡུག་པར་དོ་སྣང་བྱུང་། ཁོས་འབའ་ལུ་གུ་སྐྱིད་ཀྱི་གདོང་ལ་ཡུད་ཙམ་བལྟས་བས་མོའི་ངོ་མདངས་འགྱུར། སྐྱེས་གཟུགས་དྲང་ཞིང་རིང་ལ་ཕྲ་ཞིང་མཛེས། དཀར་ལ་དམར་མདངས་ཆགས་པའི་ངོ་གདོང་ན་ཁ་སྣའི་ཆེ་ཆུང་སྙོམས་ལ་འོད་མདངས་འཕྲོ་བའི་མིག་འབྲས་ལས་ལྷད་མེད་ཀྱི་གཤིས་ཀ་མངོན། ཨ་ཁུ་ཚང་གི་དུང་དཀར་རྒྱང་གྲགས་མ་བཞིན་སུའང་ཐུག་མི་ཆོག་ལ་ཐུག་ཀྱང་མ་མྱོངས་པའི་གསར་སྐྱེས་ཀྱི་ནུ་མ་གཉིས་སུ་ཞིག་ལ་ཆེད་དུ་ཉར་བ་བཞིན་་་་་་་་་་་་་་་་་

ཞེ་སྡང་མཚོས་ཡང་བསྐྱར་སྒྲུང་ཀློག་མཚམས་བཞག་ཏེ་ཁྱི་རྒན་མ་དེའི་ནུ་མར་སུའང་ཐུག་མ་མྱོངས་ཞེས་བཤད་ན་སུའི་རྣར་འགྲོ་ཞེས་ཞེ་སྡང་ལང་བཞིན་ཁྱིམ་ནས་ཡར་འགྲོ་མར་འགྲོ་བྱེད།

ད་ནི་ས་རུབ་ནས་ཉི་མ་ནུབ་རིར་ཕྱོགས་བཞིན་འདུག མོས་དེ་རིང་ཉིན་གང་བོར་ཅི་ཡང་འཐུང་མེད་ནའང་ཐད་ཀར་ཉལ་ཁང་དུ་འཛུལ་ནས་རང་གི་ཉལ་ཆོས་ཀྱིས་མགོ་བཏུམ་ནས་ཉལ། མཚན་དཀྱིལ་བར་དུ་གཉིད་མ་ཁུག་པར་ཉལ་སའི་ ནང་ནས་ཕར་འཁོར་ཚུར་འཁོར་ཐེངས་མང་བྱས་མཐར། གཉིད་ཡངས་མོ་ཞིག་གི་ཞིང་ཁམས་ནས་མོའི་རྨི་ལམ་དང་རེ་བ་ལྷན་དུ་འདྲེས། མིག་ཆུས་བརླན་པའི་སྔས་མགོ་ལག་པས་ཕུར་བཞིན། གཅོད་པ་ཐར། ངས་ངོ་མ་བཤད་པ་ཡིན། འུ་གཉིས་ཀ་མཉམ་དུ་འདུག་ཐུབ་ན་ང་ལ་ཟ་རྒྱུ་མེད་ནའང་ཆོག་ཅེས་ནམ་གོང་བོར་སྔས་མགོ་ཕུར་ཕུར་བྱས།

དེ་རིང་ཞོགས་པར་མོའི་སྡུག་བསྔལ་ཇེ་ཉུང་དུ་སོང་ཞིང་ཁམས་ཇེ་དྭངས་ལ་སོང་བར་བལྟས་ན་གཅོད་པ་ཐར་གྱིས་མོ་ལ་སྐད་ཆ་སྙན་མོ་སྙན་མོ་ཞིག་བཤད་ལོས་ཡོད་འདོད། ཞེ་སྡང་མཚོས་ནང་ཆུ་ཞིམ་པོ་ཞིག་ལྷོད་ཀྱིས་འཐུང་རྗེས་རང་གི་ཉལ་ཁང་དང་ཐབ་ཚང་སོགས་གཙང་མ་བཟོས། དེ་རིང་སྒྲུང་རྩོམ་བཀླག་རྒྱུའི་འཆར་གཞི་མེད་ནའང་ལས་རྒྱུ་གཞན་ཅི་ཡང་མ་བརྙེད་པས་རང་བཞིན་གྱིས་སྒྲུང་མཇུག་ཀློག་མགོ་བརྩམས།

ཁ་སྒང་གཅོད་པ་ཐར་ལ་རྟ་རྒྱུག་རྒྱལ་འཇོག་གི་རྒྱལ་ཁ་ཐོབས་རྗེས་མི་ཚང་མས་སྐོར་ཁག་བཅོས་ཏེ་ལ་གཞས་ལེན། གསར་བུ་གསར་མོ་མང་པོས་ཀི་ལྡིར་བྱེད་བཞིན། ཡ། ཡ། གཅོད་པ་ཐར། ད་ལོངས། ད་ལོངས་ཟེར་ལ་གཅོད་པ་ཐར་གྱིས་ཀྱང་ཁེངས་སྐྱོང་གི་ཚུལ་དུ་ངས་ལེན་མི་ཤེས་ཟེར་བཞིན། འཕྲུག་ཁམ་ནག་ཅིག་གི་ཕུ་ཐུང་གཉིས་ཀ་སྔོན་ནས་བླང་ཏེ་ཕྲག་པའི་གཡས་གཡོན་ནས་རྒྱབ་ལ་གཡུག་རྗེས། ལག་གཡོན་པའི་གོང་མཛུབ་རྣ་ནང་ལ་བཙུགས་ཤིང་ལག་གཡས་པས་ཁ་བཏགས་ཤིག་བཟུང་སྟེ། ཨ་ལ། ཞི་མོ་ཞེས་བཙན་གྱིས་བཙིར་བ་མིན་པའི་རང་བྱུང་གི་སྐད་ངག་སྙན་མོས་དབྱངས་ལ་བཀུག་ནས་ལ་གཞས་ལེན་བཞིན་ཁ་གཏད་དུ་ལང་བའི་འབའ་ཡི་གསར་མོ་ཚོའི་ཕྱོགས་སུ་འཁོར། ཕོ་སྒོ་འཛོམས། རྐྱ་རྩལ་བདེ། སྐད་ངག་ཡག གསར་མོ་མང་བོས་རང་ཚུགས་ལྷོད་དེ་ཁ་བཏགས་དཀར་བོའི་སྣེ་མོར་སྨོན་ལམ་བརྒྱབས། གཅོད་པ་ཐར་གྱིས་ལ་གཞས་ལེན་བཞིན་ཡར་ལ་བལྟས་ན་གསར་མོ་ཚང་མས་ཡར་ལ་ལྟ། གཅོད་པ་ཐར་གྱིས་མར་ལ་བལྟས་ན་གསར་མོ་ཚང་མས་མར་ལ་ལྟ། འཁོར་གིན་འཁོར་གིན་གསར་མོ་ཚོ་དང་བར་ཐག་ཇེ་ཉེར་གྱུར་པས་ཁ་ཤས་ཀྱི་སྙིང་ལྡིང་། ཁ་ཤས་ཀྱི་རྒྱུད་པ་འདར།

ངས་རྟ་བརྒྱ་རྟ་མང་གྲས་ལ།།

ངས་རྟ་ཞགས་སྐོར་འཕེན་བྱེད་རྒྱུས།།

རྟ་ཁྱོད་ལ་ཁེལ་རེ་སོང་ན།།

ངའི་རྟ་ཞགས་ཡལ་གི་མ་འཇུག།

ངས་རོགས་བརྒྱ་རོགས་མང་གྲས་ལ།།

ཁ་ལ་གཞས་སྐོར་འཕེན་བྱེད་རྒྱུས།།

རོགས་ཁྱོད་ལ་ཁེལ་རེ་སོང་ན།།

ངའི་ལན་པ་ཡལ་གི་མ་འཇུག། ཅེས་འཁོར་འཁོར་ནས་འབའ་ལུ་གུ་སྐྱིད་ཀྱི་ལག་ལ་ཁ་བཏགས་ཀི་སྣེ་མོ་བཞག་པས་རེ་ཞིག་ཚང་མ་ཁུ་སིམ་མར་གྱུར། འབའ་ལུ་གུ་སྐྱིད་ལ་ལན་པ་སློག་འདོད་ཀྱི་རེ་བ་ཆེ་ནའང་མོ་ལ་སྐད་ངག་དེ་ཙམ་མེད་པའི་ཁར་གཅོད་པ་ཐར་གྱིས་མོ་བརྒྱའི་ནང་ནས་མོ་རང་འདེམས་དེ་ཁ་བཏགས་ཀྱི་སྣེ་མོ་ལ་གཞས་དང་འཛུམ་མདངས་གནང་བས། མོའི་སྙིང་གི་འཕར་ལྡིང་རྒྱུན་ལྡན་དུ་གནས་མ་ཐུབ་པར་ཅི་བྱ་གཏོད་མེད་དུ་གྱུར། གསར་མོ་ཚོས་ཕན་ཚུན་ལ་གྲོས་བསྡུར་གྱི་ཚུལ་དུ་མགོ་གཏུག་ནས་ཅུང་ཙམ་བསྡད་རྗེས་གསར་མོ་ཞིག་གིས་ཁུ་བྱུག་སྔོན་མོའི་གདངས་ལ་འགྲན་པའི་སྐད་ངག་སྙན་མོའི་དབྱངས་ལ་བཀུག་ཏེ།

རྟ་འདི་ར་ངེད་གཉིས་སྤུན་ཡིན།

ཁྱོད་རྒྱུག་ན་འདོད་ནོ་གང་ཡིན།

ཁྱོད་གང་ལ་རྒྱུག་ན་གཅིག་ཡིན།

རོགས་འདི་ར་ངེད་གཉིས་སྤུན་ཡིན།

ཁྱོད་བརྩེས་ན་འདོད་ནོ་གང་ཡིན།

ཁྱོད་གང་ལ་བརྩེས་ན་གཅིག་ཡིན་ཞེས་རྨ་བྱའི་འགྲོས་ཀྱིས་འཁོར་ནས་གཅོད་པ་ཐར་གྱི་ལག་ལ་ཁ་་བཏགས་བཞགས།

འབའ་ལུ་གུ་སྐྱིད་ཀྱིས་ལ་གཞས་ལེན་མི་ཤེས་བ་དེས་ཞེ་སྡང་མཚོའི་སེམས་ཁ་ཇེ་བདེ་རུ་སོང་ནའང་གཅོད་པ་ཐར་གྱི་མིག་གི་ལྟ་སྟངས་དང་རྣམ་འགྱུར་སྟོན་སྟངས་དེས་མོའི་སེམས་ལ་དོགས་པ་སྣ་ཚོགས་བསྐྲུན་ཡོད། ཁ་སྒང་གཅོད་པ་ཐར་དང་འབའ་ལུ་གུ་སྐྱིད་གཉིས་ཀའི་བར་ལ་འབྲེལ་བ་ཅི་ཞིག་བྱུང་མིན་དེ་མོའི་སེམས་ཁྲལ་ཆེ་ཤོས་ཡིན། མཚམས་རེར་མོས་སྒྲུང་རྩོམ་གི་དཀྱིལ་ནས་ཁ་ཕྱེས་ཏེ་ཐིག་ཕྲེང་འགའ་རེ་བཀླགས། ཡིན་ནའང་དེ་རིང་མོའི་སེམས་ཁམས་རྒྱུན་ལྡན་ལྟར་ཡིན་པས་གཡོག་མོ་སྐད་བཏང་ནས་དགོང་ཆུ་ཞིམ་པོ་ཞིག་སྔ་བོ་ནས་གོ་སྒྲིག་བྱོས་དང་ང་གླིང་གའི་ནང་དུ་སྐོར་ཉུལ་ཞིག་བྱས་ཏེ་ཡོང་ཟེར།

གླིང་གའི་ནང་དུ་མཚེའུ་ཆུང་ཆུང་ཞིག་ཡོད་ལ་དེའི་མཐའ་འཁོར་དུ་རང་བྱུང་མེ་ཏོག་དང་ཕྱེ་མ་ལེབ། བྱེའུའི་ཅ་ཅོ་སོགས་ཀྱིས་གང་བས་སེམས་ངལ་ཅན་ཞིག་གིས་རང་ལ་ཆེད་དུ་བཟོས་བ་བཞིན་ཡོད། མོས་སྡོང་ལོའི་བསིལ་གྲིབ་ཞིག་ནས་སེང་ཆེན་གྱི་སྙན་ངག་༼ སྒོར་མོ་དུང་ཕྱུར་ཅན་ལ་ཕྱག་འཚལ་ལོ ༽ཞེས་བ་དེའི་མགོ་ནས་ཐུག་ཕྲེང་འགའ་བཀླགས་རྗེས་དཔེ་དེབ་ཀྱི་ཁ་ཟུམ་སྟེ་འཁྲིས་སུ་བཞག མོས་སྤང་ཁུག་ནས་གན་རྐྱལ་དུ་ཉལ་ཏེ་སྟོང་འདང་བརྒྱབས།

ཨ་ཕའི་ལོ་ན་ཆེན་པོ་མིན་པའི་ཁར་ཡོན་བདག་མང་། ཕྱི་རྒྱལ་ནའང་སྦྱིན་བདག་ཕྱུག་པོ་འགའ་རེ་འདུག ངའི་མི་ཚེ་ལ་དཀའ་ངལ་ཅི་ཡང་མི་འདུག་པས་རང་གི་སྣང་བར་འགྲོ་བའི་ཕོ་གསར་རྫིག་པོ་ཞིག་རེག་ངེས་རེད། གསར་འབྱོར་ཞིག་གི་མཉམ་དུ་བསྡད་ཚེ་ཕོ་གསར་རྫིག་ནའང་མིའི་མདུན་ནས་མཐོང་ཆགས་ཀི་རེད། ཡིན་ནའང་གཅོད་པ་ཐར་འདྲ་བོ་ཡོད་ན་སོགས་སེམས་ལ་མི་དྲན་དགུ་དྲན་བྱས།

དགོང་ཆུ་སྔ་མོར་འཐུང་རྗེས་ཟླ་འོད་འོག་གི་བསིལ་ལྗོངས་སུ་སྤྲོ་འཆམ་ལ་སོང་། ཡིན་ནའང་མདང་དགོང་རྨི་ལམ་འཁྲུག་ནས་གཉིད་སྐྱིད་པོ་ཞིག་ལ་རོལ་ཐུབ་མེད་པས་དེ་རིང་སྔ་བོ་ཉལ་འདོད་བྱུང་ནས་ཁེར་རྐྱང་གི་གོམ་སྒྲ་རང་གི་ཉལ་སར་བཀུགས། ལང་སེང་གཉིད་རྒྱུ་མ་ཡོང་བས་མོས་བསམ་བློ་བཏང་། སྐར་མ་འགའ་འགོར་རྗེས་མོ་གློ་བུར་དུ་ཡར་ལང་ནས་བརྩམས་སྒྲུང་རིང་མོ ༼ ཁ་སྒང་གཅོད་པ་ཐར ༽ གྱི་མདུན་ངོས་སུ་རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས་ཤིག་ཡོད་པ་དེ་ཞིབ་ཀློག་ཅིག་བྱས་རྗེས། ཀླད་པའི་ནང་ལ་འཆར་གཞི་མང་བོས་ཉོག་དཀྲུག་ནའང་གདོང་ལ་འཛུམ་ལང་བཞིན་འཆར་གཞི་ཡོད་པའི་སྒོ་ནས་མོ་རང་རྨི་ལམ་གྱི་ཞིང་ལ་ག་ལེར་ཕྱིན་སོང་།

སྟོན་མཚན་རིང་མོ་ཞིག་རྨི་ལམ་མག་མོག་ཅིག་གིས་རྫོགས།

ཕྱི་ཉིན་སྔ་མོ་འཆར་གཞི་ཡོད་པའི་སྒོ་ནས་ལང་སྟེ་འཆར་གཞི་ཡོད་པའི་སྒོ་ནས་སྒྲུང་མཇུག་བཀླགས། མོས་སྒྲུང་ཀློག་གིན་ཀློག་གིན་ཇེ་མགྱོགས་སུ་སོང་། མཚམས་རེར་ཞིབ་ཀློག་མི་བྱེད་པར་ཤོག་གྲངས་འགའ་རེར་མིག་གཡེང་ཙམ་གྱིས་སློག ཕར་བལྟས་ཚོད་ལ་མོས་སྒྲུང་གཏམ་དེའི་ནང་ན་གསང་བ་ཞིག་འཚོལ་བཞིན་པ་འདྲ། མཚམས་རེར་ཇེ་མགྱོགས་ཇེ་མགྱོགས་དང་མཚམས་རེར་ཇེ་དལ་ཇེ་དལ་རེད།

ཐབ་ཀའི་ནང་གི་མེ་འོད་ལྷེམ་ལྷེམ་གཡོ་བའི་འབྲོག་ཁྱིམ་ཞིག་ན་ཁོས་བྲེལ་འཚུབ་ཀྱིས་ཐུག་པ་འཐུང་བཞིན་མཚམས་མཚམས་ལ་ལག་མགོའི་དུས་ཚོད་འཁོར་ལོར་ལྟ། ཁྱི་རྒན་ཚོས་འཕྲོ་རིམ་འཕྲོར་ཟུག་སྐད་འབྱིན་ལ་དེ་ནི་གསར་མོ་ཚོར་ཉལ་བརྡ་དང་ཕོ་གསར་ཚོར་འགྲོ་ས་ཡོད་ན་འགྲོ་རན་ཡིན་པའི་གསལ་འདེབ་རེད། གཅོད་པ་ཐར་གཅུན་གཏོང་དུ་འགྲོ་ཁུལ་གྱིས་སྒོར་བུད་དེ་འབའ་ལུ་གུ་སྐྱིད་ཀྱི་ཕྱོགས་སུ་གདེངས་ཚོད་ཡོད་པའི་སྒོ་ནས་ཤུར་སེ་བཏང་སོང་། དུས་ཚོད་འགའི་རྗེས་ནས་འབའ་ཡི་སྦྲ་ནག་ཅིག་གི་མེ་འོད་ཡུན་གྱིས་ཡལ་སོང་། གསལ་ལ་མི་གསལ་བའི་སྙིང་གཏམ་གཉིས་གཞི་གཅིག་ལ་འདྲེས། གདན་དཀར་གྲུ་བཞིའི་འཇིག་རྟེན་ཞོག་ན་འབའ་ལུ་གུ་སྐྱིད་ཀྱིས་མྱང་མ་མྱོང་བའི་འཚོ་བ་གསར་བ་ཞིག་གི་བྲོ་བ་མྱོང་། ཤ་དྲོད་དང་ཤ་དྲོད་གླན་བཞིན། མཚམས་མཚམས་ལ་ཤ་འདར་རྒྱག་བཞིན། དབུགས་ཐུང་ལེན་གྱིས་ཨ་ཨ། ཨ་ཁུ་ལོ་ལོ། དལ་མོ་བྱོས། ཨིན་ཨིན། དལ་མོ་བྱོས་་་་་་་་་་་་།

ཞེ་སྡང་མཚོ་ལ་ངོ་མ་ཞེ་སྡང་ལང་ནས་སྒྲུང་དེབ་འདིའི་ཀློག་འཕྲོ་གཤགས་ནས་ཐབ་ཀའི་ནང་དུ་བརྫངས་ཏེ་སྒོར་བུད།

ཉི་མ་ལ་ཤར་ལུང་ཤར་རེད། མཇལ་བ་འགས་ཤ་དང་མར། སྒོར་མོ་དང་ཁ་བཏགས་སོགས་མོའི་ཕ་རྒན་གྱི་མདུན་དུ་བརྩིགས་ཏེ། ཨ་ལགས་ལགས། ཐུགས་རྗེ་གཟིགས། ཁྱེད་ཚང་གིས་འདི་བཞེས་རོགས་ཞེས་ཞུ་བ་བྱེད། མོས་ལྟག་སྒོ་ཕྱེས་ཏེ་ཕ་རྒན་གྱི་གཟིམ་ཁང་ནང་ལ་སོང་། ཕ་རྒན་གྱི་སྔས་མགོའི་འོག་ནས་ཐུང་མདའ་བརྐུས་ཏེ་མདེའུ་ལྔ་ནང་དུ་དེད་རྗེས་རང་གི་ལག་ཁུག་ནང་ལ་བཅུག མོ་ག་ལེར་སྒོར་ཐུད་དེ་ཡར་ལྟ་མར་ལྟ་བྱས་པས་ཕ་རྒན་གྱིས་མཇལ་བ་ཚོའི་མཉམ་དུ་ཁ་བརྡ་བྱེད་བཞིན་ལྷོད་ལྷོད་བྱས་ནས་བསྡད་འདུག མོས་སེང་ཆེན་གྱི་ལོ་རྒྱུས་མདོར་བསྡུས་དེ་ལ་ཞིབ་འདང་རྒྱག་བཞིན་ལམ་ལ་ཆས།

  • loading

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།