ཟ་ལེ་རྒྱལ་གྱི་ཟིན་བྲིས།
བླ་མའི་སྲས་མོར་འོས་བའི་ཁྱོ་ཀ་མེད། ཁ
སྡུག་མ་རིག་ན་བསམ་མི་ཤེས།
གཉིས།
ཞེ་སྡང་མཚོའི་བློ་ངོར་ཤར་བའི་སེང་ཆེན་གྱི་སྣང་བརྙན་དེ་རབ་རུབ་ཙམ་ཡིན། བརྩམས་སྒྲུང་རིང་མོ་༼ ཁ་སྒང་གཅོད་པ་ཐར ༽གྱི་མདུན་ངོས་སུ་རྩོམ་པ་པོའི་རྩོམ་གཤིས་དང་བརྩམས་སྒྲུང་དེའི་ཁྱད་ཆོས་འགའ་དམིགས་སུ་བཏོན་ནས་ངོ་སྤྲོད་ཀྱི་ཚུལ་དུ་བཀོད་པ་ལས་རྩོམ་པ་པོའི་མི་ཚེ་ལོ་རྒྱུས་ལ་དེ་ཙམ་གྱི་གསལ་ཁ་ཕྱེས་མེད་པའི་ཁར་ངོ་སྤྲོད་བྱེད་མཁན་གྱི་མིང་ཡང་བྲིས་མི་འདུག།
རྩོམ་པ་པོ་སེང་ཆེན་ནི་དུས་རབས་ཉི་ཤུ་བའི་ལོ་རབས་བདུན་བཅུ་བའི་ནང་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་ཀྱི་འབྲོག་ཁྱིམ་ཞིག་ནས་སྐྱེས། རིག་གནས་གསར་བརྗེ་དང་ལམ་ཕྱོགས་སློབ་གསོའི་ཤུལ་ལུས་ཀྱི་སྡུག་བསྔལ་གང་མང་ཞིག་ཁོང་གིས་ཀྱང་མྱངས་དགོས་བར་གྱུར་བ་མ་ཟད། མུ་གེའི་ཐོག་ལ་ཟླ་ལྷག་ཟེར་བ་བཞིན་ལོ་བརྒྱད་ཀྱི་དུས་སུ་ཨ་མ་ཚེ་ལས་འདས་བས་ཕ་བུ་གཉིས་ལ་སྡུག་བསྔལ་ཐེ་བ་ཞིག་གིས་ཐུབ་ཚོད་བྱས་མྱོང་། ལོ་བཅུའི་སྟེང་ནས་རྩྭ་ཐང་གི་དྭ་ཕྲུག་སྦྲ་གུར་སློབ་གྲྭར་ཞུགས་ནས་འབྲི་ཀློག་ཐོག་མར་སྦྱངས། ལོ་རབས་བརྒྱད་ཅུ་བའི་ནང་བོད་ནང་གི་རྩོམ་པ་པོ་རྣམས་ཆར་རྗེས་ཀྱི་ཤ་མོ་བཞིན་གཅིག་ལས་གཅིག་ལྷག་གིས་འཚར་བའི་རྒྱུད་རིམ་ལས་ཁོ་ལ་རྩོམ་པ་པོ་གཞན་དག་བཞིན་རྩོམ་རིག་གི་ཚོར་བའི་འཐེན་ཤུགས་དང་ཆབ་སྲིད་ཀྱི་བཀག་རྒྱའི་གནོན་ཤུགས་གཉིས་དུས་མཉམ་དུ་ཐེབས། ཕྱིས་སུ་ཕོ་ལོ་ཉི་ཤུའི་སྣང་བ་དང་བཙན་རྒོལ་རྒྱལ་སྐྱོབ་ཀྱི་སྤོབས་པས་རང་གི་ཕྲག་པར་བབས་པའི་ལས་འགན་དེ་རང་ངོས་ནས་སྒྲུབ་འདོད་གྱི་དམ་བཅའ་དང་བཅས་རེ་བའི་ཕ་བོང་ཞིག་རྒྱབ་ལ་ཁུར་ཞིང་རྩམ་ཁུག་ཆུང་ཆུང་ཞིག་རུམ་ལ་བཅུགས་ནས་ཕ་ཡུལ་དང་ཁ་གྱེས། ཁོང་གིས་ནམ་རྒྱུན་ཕ་ཡུལ་དང་གྱེས་བའི་སྔ་དྲོ་དེར་ཨ་ཕས་ང་ལ་ངའི་ཞི་ལི་སོང་ས་ནས་སྲ་ལ་བྱོས་དང་འུ་གཉིས་ཐུག་གི་རེད། ངའི་རོ་ལ་འཆི་བ་ཡོད་ནི་མ་རེད་ཅེས་ཚིག་གཅིག་གིས་སྐྱེད་མ་བྱས་བ་དེ་དང་ལོ་འགའི་རྗེས་ནས་ང་རང་ཨ་ཕར་ངོ་མ་ཐུག་པར་ངའི་ཨ་ཕ་ང་དང་གཏན་དུ་གྱེས་སོང་བ་དེ་ནམ་ཡང་བརྗེད་མི་ཐུབ་ཟེར། འདི་ཁོའི་མི་ཚེ་ནང་གི་འགྱོད་པ་དང་བློས་བཏང་ཆེས་ཤོས་དེ་རེད།
ཁོང་རང་རྩོམ་རིག་གི་ལས་ལ་ཞུགས་པ་ནས་སྙན་ངག་དང་སྒྲུང་ཐུང་མི་ཉུང་བ་ཞིག་བྲིས་བ་ལས་ཅུང་འབུར་དུ་ཐོན་པ་ནི་༼ ཁ་སྒང་གཅོད་པ་ཐར་ ༽ཞེས་བའི་སྒྲུང་རྩོམ་འདི་ཡིན་ལ་སྒྲུང་རྩོམ་འདི་ལས་་་་་་་་་་་་་་་་
སྒྲུང་རྩོམ་འདིའི་ངོ་སྤྲོད་ཀྱི་ཚུལ་དུ་ཟླ་ཚེས་བཟང་བོར་བྲིས་བ་དགེའོ།
ཞེ་སྡང་མཚོའི་སེམས་ངོར་ཤར་བའི་ལོ་རྒྱུས་དེ་རབ་རུབ་ཙམ་ཡིན་པས་མོས་ལ་གཟས་ས་དང་བསམ་ས་གཅིག་ལས་མེད། མོ་སྤྱི་སྤྱོད་རླུང་འཁོར་ལ་བསྡད་དེ་ཉིན་མཚན་མེད་པར་དེའི་སྐོར་ལ་བསམ་བློ་གཏོང་བཞིན་སོང་། སེང་ཆེན་གྱི་སྒྲུང་རྩོམ་འདི་དང་དུང་བརྗོད་སྙན་ངག་གཞན་དག་ལ་བལྟས་ཏེ་རྩོམ་པ་པོ་སེང་ཆེན་ནི་གྲོང་བ་ཞིག་ཡིན་པའི་ཚོད་དཔག་བྱས་ནའང་ལམ་བར་ནས་མོའི་སེམས་ན་དོགས་པ་གཞན་ཞིག་སྐྱེས་བ་ནི་ལྡོང་ཆུ་ཤེལ་ལྟ་བུའི་གྲྭ་བ་ཞིག་མིན་ནམ་བསམ་པ་དེ་རེད། ཡིན་ནའང་འདི་ནི་ཐེ་ཚོམ་ཙམ་ལས་མོ་ལ་གཞི་འཛིན་ས་ཅི་ཡང་མེད་པས་རང་གི་ཐོག་མའི་འཆར་གཞི་ལྟར་མདུན་སྐྱོད་བྱས། སྟུད་མར་ཉིན་མཚན་འགའ་ལ་རླུང་འཁོར་ལས་གཉིད་མ་སད་ཀྱིས་འགྲོ་རྒྱུ་དེ་མི་སྤྱིར་བཏང་བ་ཞིག་ལའང་ལས་སླ་བོ་མིན་པས་བླ་མའི་སྲས་མོ་ཞིག་ལ་དེ་བས་ཀྱང་དཀའ་ཁག་ལོས་ཡོད། རྐུབ་རྟགས་སྟེང་ནས་སྟོང་འདང་རྒྱག་བཞིན་གཡས་འཁོར་གཡོན་འཁོར་གྱིས་འགྲུལ་བཞུད་བྱས་བའི་ལམ་བར་ནས་མོས་འཁོར་ཡུག་གི་རྣམ་པ་ཅི་ཡང་མཐོང་མེད།
ཞོགས་པ་དེར་རླུང་འཁོར་ནང་གི་འགྲུལ་བཞུད་པ་ཚོས་རང་རང་གི་ཚོང་རྫས་དང་ཅ་ལག་ལེན་པའི་གྲ་སྒྲིག་བྱེད་པ་དེས་མོ་ལ་འབབ་ཚུགས་སུ་སླེབས་ལ་ཉེ་བའི་སྔོན་བརྡ་བཏང་། མོ་ལ་ལག་ཁུག་ཆུང་ཆུང་ཞིག་དང་རང་གི་གོན་ལྭ་དང་དཔེ་དེབ་འགའ་མཉམ་དུ་བཅུག་པའི་ཁུག་མ་འབྲིང་ཙམ་ཞིག སྐེད་པར་བཅིངས་བའི་སྒོར་ཁུག་ཆེན་པོ་ཞིག་བཅས་ལས་གཞན་ཅི་ཡང་མེད་ལ་མགྲོན་པོ་གཞན་དག་བཞིན་གྲ་སྒྲིག་བྱེད་རྒྱུའང་མེད། ས་འདི་ནས་མོ་རང་ཡུན་རིང་ལ་འདུག་དགོས་མིན་མི་ཤེས་ནའང་། གང་ལྟར་གནས་སྐབས་ཀྱི་གནས་ཡུལ་ཡིན་པས་མོས་སྒེའུ་ཁུང་ལས་མགོ་ཕྱིར་བཏོན་ནས་ས་ཆ་དེའི་རྣམ་པར་ཞིབ་ལྟ་བྱས། དབྱར་ཟླ་མགོ་མའི་གནམ་གཤིས་ཡག་ནའང་རི་རྩེ་རུ་ད་དུང་ཁ་བ་ཅུང་ཙམ་ལྷག་འདུག་ལ་དེའི་འོག་ཏུ་ནགས་ཚལ་ཧ་ཅང་མཐུག་པས་ཕལ་ཆེར་རྐང་ལམ་ཙམ་ལས་རླུང་འཁོར་གྱི་ལམ་དང་མིའི་སྡོད་ཁང་སོགས་མེད་པ་འདྲ་མོད། རི་སྐེད་ན་དར་ལྕོགས་མང་པོ་རླུང་གིས་སྐྱོད་པ་མཐོང་ཐུབ་པ་མ་ཟད་གློག་སྡོང་དང་རླུང་འཁོར། མིའི་སྡོད་ཁྱིམ་འགའ་བཅས་ཐག་རིང་ནས་མཐོང་ཐུབ། གྲོང་ཁྱེར་ཨ་མ་དེ་ཤིང་ནགས་ཀྱིས་བཟུང་བའི་རི་བོ་ཆུང་ཆུང་ཞིག་གི་སྟེང་ན་འཚང་ཁ་དོད་པོས་གནས་འདུག མོ་རླུང་འཁོར་ལས་བབས་ཏེ་ལམ་འགྲམ་གྱི་ཇ་ཁང་ཞིག་ནས་ཇ་མངར་མོ་གང་མངགས་རྗེས་ངལ་གསོ་བཞིན་ཡར་ལྟ་མར་ལྟ་བྱས། ལོ་ངོ་འགའི་ཡར་སྔོན་ལ་ཕ་རྒན་དང་མཉམ་དུ་གནས་འདི་རུ་མཆོད་མཇལ་ལ་ཐེངས་གཅིག་ཡོང་མྱོངས་ནའང་དེ་དུས་ལོ་ན་ཆུང་བས་དོ་སྣང་མ་བྱས་པའི་ཁར་རྗེས་སུ་གྲོང་ཁྱེར་གྱི་རྣམ་པར་འགྱུར་བ་གང་མང་ཞིག་ཐེབ་ཡོད་པས་མོ་ལ་ཡོད་ཚད་གསར་བ་རེད། ཡིན་ནའང་མོའི་བློ་ངོར་གསལ་ལ་མི་གསལ་བའི་སྣང་བརྙན་ཞིག་ཤར་བ་ནི་མོ་རང་འགྲོ་མྱོངས་བའི་ཨ་ཁུ་གསེར་བཟོ་ཚང་གི་ཁང་བརྩེགས་རྫིག་པོ་དེ་དང་དེའི་འོག་གི་ཁྲོམས་རྭ་རྐང་ཐུང་ལྟ་བུ་དེ་རེད། མོས་ཁྲོམས་རྭར་འཁོར་ཉུལ་འགའ་བྱས་ཏེ་མགྲོན་ཁང་རེ་རེའི་སྒོ་བྱང་ལ་ལྟ་བཞིན་སོང་། ལྷ་ས་མགྲོན་ཁང་གི་སྒོ་བྱང་མཐོང་མ་ཐག་མོ་རང་དེ་རུ་འདུག་འདོད་ཀྱིས་བསམ་བློ་འཁོར།
ལྷ་ས་མགྲོན་ཁང་ནི་ཟ་ཁང་དང་མགྲོན་ཁང་གཉིས་འཛོམས་ཤིག་ཡིན། མོ་རྡོའི་སྐེས་འཛེག་དེར་འགོས་ནས་ག་ལེར་སྒོ་ཕྱེས་བ་དང་ཟ་ཁང་གི་ཟུར་ན་ཕོ་གསར་འགས་ཟ་མ་ཟ་བཞིན་ཝུ་ཆང་འཐུང་གིན་འདུག་པས་ཞོགས་པའི་ནང་ཆུ་དང་མཉམ་དུ་ཝུ་ཆང་འཐུང་བ་དེར་མོ་རང་ཡ་མཚན་ཅུང་ཙམ་སྐྱེས། ཝུ་ཆང་གི་རིན་གོང་མི་ཤེས་ནའང་ཕལ་ཆེར་རིན་གོང་ཆེན་པོ་མིན་པ་འདྲ། ཕོ་གསར་དེ་དག་གིས་གོན་པའི་ལྭ་བར་བལྟས་ན་ཕྱུག་པོ་ཏག་ཏག་གི་བཟོ་ལྟ་མི་འདུག རྐང་གི་ལྷམ་མགོ་ལས་སྟོད་ཐུང་དང་རྐང་ཐུང་སོགས་ལ་ལྷན་པ་མང་པོ་བརྒྱབས་ཡོད་ལ་རང་རང་གི་ཤ་ཚད་ལུས་ཚད་ཀྱང་མིན་པར་ལ་ལ་ཆེས་དྲག་པ་དང་ལ་ལ་ཆུང་དྲག་ནས་རང་རང་དང་རན་པའི་གོན་པ་གཅིག་ཀྱང་མེད་པས་ཕར་བལྟས་ཚོད་ཀྱིས་ཁོ་ཚོའི་གོན་པ་དག་སུ་ཞིག་གིས་གནང་སྦྱིན་བྱས་བ་ལོས་ཡིན་འདོད། ལྭ་བར་ལྷན་པ་བརྒྱབས་པ་དང་ཝུ་ཆང་འཐུང་བ་གཉིས་དོ་མི་མཉམ་ནའང་དེའི་སྟེང་ནས་མོས་འཚོ་བའི་ཁ་དོག་གཞན་ཞིག་མཐོང་བ་དེ་བསམ་བློ་གཏོན་རིན་ཅན་ཞིག་དུ་བརྩིས། རྣའི་ཟུར་ནས་ཐོས་པའི་ཡུན་ཐུང་ཐུང་གི་ཁ་བརྡའི་ཁྲོད་དུ་མོས་རྒྱུས་ལོན་བྱས་བ་ནི་ཕོ་གསར་གཅིག་གི་མིང་ལ་ཟ་ལེ་རྒྱལ་ཟེར་ཞིང་མིང་དེ་ནི་མོས་སྔོན་མ་ནས་གོ་མྱོངས་པའི་མིང་ཞིག་ཡིན་པས་མོ་རང་དེ་ལ་དོ་སྣང་ཅུང་ཙམ་བྱུང་། ཟ་ཁང་གི་ཟུར་གཞན་ཞིག་ན་མགྲོན་པོ་ཐོ་འགོད་བྱེད་སའི་སྟེགས་བུ་ཆུང་ཆུང་ཞིག་འདུག ཤ་རྒྱགས་ལ་སྟོབས་རྒྱས་བའི་ཨ་ཅ་ཞིག་གིས་སྐད་མགོ་མཐོན་པོས་ཁྱི་ཕྲུག་གསང་སྤྱོད་ཁྲུས། གསང་སྤྱོད་གཙང་མ་བཟོས་ཚར་རྗེས་ཐབ་ཚང་ཁྲུས། དེ་ནས་དྲ་མ་ཕྱིས། དེ་ནས་ཟ་ཆོས་ཁྲུས། དེ་ནས་ཕོར་བ་ཁྲུས། དེ་ནས་་་་ དེ་ནས་་་ཞེས་དབུགས་ཐེངས་གཅིག་གིས་བཀའ་བཀོད་བྱས་བའི་མོད་ལ་ལོ་བཅོ་ལྔ་ཟིན་ཡོད་མེད་ཀྱི་བྱིས་བ་ཤ་མདོག་ནག་ལ་སྐྱོ་མཉམ་ཤར་བ་ཞིག་ཐབ་ཚང་ནས་གློག་འཁྱུག་པ་བཞིན་བསླེབས་སོང་། རི་དྭགས་རྨས་མའི་ཀླད་པ་འཁྲུག་པ་བཞིན་མིག་གཉིས་ལྷེམ་ལྷེམ་ལྷེམ་གཡོ་བཞིན་ཨ་ཅ་ལགས། ལེགས་སོ། ལེགས་སོ་ཟེར་བཞིན་རྔུལ་ནག་ཤུ་རུ་རུ་གསང་སྤྱོད་ལ་འཛུལ་སོང་བ་དེས་མི་སྙིང་རྗེ་ཅན་ཞིག་མིན་ནའང་འཚོ་བའི་ཉམས་མྱོང་ཅུང་ཙམ་ཡོད་ཚེ་ཟ་ཁང་དང་མགྲོན་ཁང་འདིར་ཡང་བསྐྱར་ཡོང་བའི་ཡི་ཁ་འགག་པར་བྱེད་ནའང་ཁོ་ཚོ་དེ་ལ་རིང་ནས་གོམས་པ་བཞིན་དོ་སྣང་བྱེད་མཁན་མི་འདུག
ཨ་ཅ་ལགས། བཀྲ་ཤིས་བདེ་ལེགས། ག་རེ་མཆོད་གནང་གྰེ་ཞེས་སྟེགས་བུའི་སྒང་ནས་མགོ་སྒུར་ཙམ་དང་གདོང་འཛུམ་ཙམ་བྱེད་པའི་མོད་ལ་ངག་འཇམ་པོས་གུས་ཚུལ་བསྟན།
གཡོག་པོའི་ཐོག་ལ་སྡང་བའི་མགྲོན་བདག་མའི་ངོ་སྤགས་བརྗེས་བ་བཞིན་སྐད་ཅིག་མའི་རྣམ་པ་གསར་བ་དེས་འཁྲབ་སྟོན་པ་ཞིག་གིས་ཡུན་རིང་ལ་སྦྱངས་བའི་སྒྱུ་རྩལ་གྱི་རྣམ་པ་མངོན་པ་བཞིན་མོ་རང་ཧང་སངས་ཏུ་བཅུག
བཀྲ་ཤིས་བདེ་ལེགས། ཨ་ཅ་ལགས། ང་རང་ཉིན་འགའ་ལ་འདིར་བསྡད་དགོས་བ་འཁེལ་སོང་པས། ཁྱེད་རང་གི་ནང་ལ་ཁང་པ་ཡོད་པས།
ལགས་ཡོད། ཁང་པ་ལ་སྒོར་བདུན་བཅུ་ཡིན། ཨ་ཅ་ལགས་རང་ཉིན་ག་ཚོད་བསྡད་གནང་ན་འགྲིག་གི་རེད། གསང་སྤྱོད་དང་འཁྲུས་ཁང་ཕྱིར་ལོག་ན་ཡོད་པ་རེད།
ཁྱེད་རང་ལ་ག་རེ་དགོས་ན་འཚེར་སྣང་བྱེད་དགོས་བ་མ་རེད་ལོ། མཚམས་མཚམས་ལ་ང་རང་ཕྱི་ལོག་ལ་འགྲོ་དགོས་བ་འཁེལ་གི་རེད།
ང་འདིར་མེད་དུས་ཁྱི་ཕྲུག་ལ་སྐད་ཆ་འདྲི་རྐྱང་བྱས་ན་ཆོག་གི་རེད་ཅེས་འཛུམ་མདངས་དཔེ་མེད་ཅིག་སྟོན་བཞིན་ཐོ་འགོད་དེབ་བླང་ནས་ཁྱེད་རང་གི་མཚན་ལ་ག་རེ་ཞུ་གི་ཡོད་པས།
ག་ནས་ཕེབས་པས་ཞེས་ཞེ་སྡང་མཚོ་འདུག་མི་འདུག་གི་གདམས་ཀ་མེད་སར་དེད།
ངའི་མིང་ལ་སྟག་མོ་སྐྱིད་ཟེར། གངས་ལྗོང་སྒྱུ་རྩལ་སློབ་གྭ་ཆེན་མོའི་རྩོམ་རིག་སྡེ་ཚན་གྱི་ཞིབ་འཇུག་སློབ་མ་ཡིན།
མཐར་ཕྱིན་སློབ་མའི་དཔྱད་རྩོམ་གྱི་རྒྱུ་ཆ་འཚོལ་ཕྱིར་སྤྱི་ཚོགས་འཚོ་བར་རྒྱུས་ལོན་བྱེད་དུ་ཡོང་བ་ཡིན།
ད་དུང་རྩོམ་པ་པོ་འགའ་ལ་ཨེ་ཐུག་གི་རེ་བ་ཡོད་ཅེས་བ་དང་སྦྱིན་བདག་མས་སྟག་མོ་སྐྱིད་ཀྱི་ཚིག་མཚམས་བཅད་ནས་ལྕེ་གནར་བྱེད་བཞིན་། ཨོ་ཙི། དཔེ་ཡག་པོ་ཡོད་ས་རེད། ངའི་མིང་ལ་སྒྲོ་ཀ་ཞུ་ཡི་ཡོད།
སྲས་མོ་ལགས་སློབ་སྦྱོང་དཔེ་ཡག་པོ་ཡོད་ས་རེད། ཐབས་སྡུག་པ་ལ་ངས་ཡི་གེ་ཤེས་ཀི་མ་རེད། ཡིན་ནའང་འདི་བ་ན་གསར་འབྱོར་དེབ་ཀློག་མཁན་དེ་འདྲ་མང་པོ་འདུག ཁྱེད་རང་ལ་མི་དེ་འདྲ་འཚོལ་ཡ་ཡོད་ན་ང་ལ་ལོབས་ལོ།
ངས་སྐུ་ངོ་ལ་སྐད་ཆ་དྲིས་ན་ཏག་ཏག་ཤེས་ཀི་རེད་ཟེར་བཞིན་སྟག་མོ་སྐྱིད་ལ་ཐོག་ཁང་གི་ཁང་མིག་གསུམ་པའི་ལྡེ་མིག་སྤྲད།
མོས་ལྡེ་མིག་ཁྱེར་ནས་སྐེས་འཛེག་གི་སྣེ་མོར་སླེབ་པ་དང་ལྟ་ཕྱོགས་ཤིག་གིས་ཟ་ཁང་གི་ཟུར་ན་ཕོ་གསར་ཚོས་མོ་ལ་བལྟས་ཏེ་འདུག་པ་ནི་རང་བཞིན་གྱིས་བལྟས་བ་ཙམ་མིན་པར་དོ་སྣང་ཞིག་སྤྲད་ཡོད་པ་ཤེས་ཐུབ།
གདོང་ཐུག་བརྒྱབས་པའི་ལྟ་ཕྱོགས་དེར་ཚང་མ་འཚེར་སྣང་སྐྱེས།
ཁང་བའི་ནང་གི་ཉལ་ཁྲི་དང་ཅོག་ཙེ་སོགས་བློར་དེ་ཙམ་མི་བབས་པའི་ཁར་གསང་སྤྱོད་དང་འཁྲུས་ཁང་ཕྱི་ལོག་ན་ཡོད་པ་དེས་མོ་རང་འདིར་འདུག་འདོད་ཆེན་པོ་མ་བྱུང་ནའང་ཨ་ཅ་སྒྲོལ་དཀར་གྱིས་སྣེ་ལེན་བྱེད་སྟངས་དང་ལྷག་པར་དུ་ངས་སྐུ་ངོར་སྐད་ཆ་དྲིས་ན་ཏག་ཏག་ཤེས་ཀི་རེད་ཅེས་བའི་སྐད་ཆ་དེས་མོ་རང་ཉིན་འགར་འདི་རུ་མི་འདུག་ཐབས་མེད་ཆགས།
ཐང་ཆད་པའི་ཁར་གཉིད་རྒྱུ་ཡོང་ནའང་ནང་ཆུ་སྟབས་བདེ་ཞིག་འཐུང་འདོད་ཀྱིས་ཕྱིེར་བབས་ཏེ་སྒོ་ང་བརྔས་མ་ཞིག་དང་བག་ལེབ་གཅིག
བོད་ཇ་དཀར་ཡོལ་གང་བཅས་མངགས་ཏེ་ཟ་ཁང་གི་ཟུར་ཞིག་ནས་ལག་པའི་གྲུ་མོ་ཅོག་ཙེ་ཐོག་ལ་བཞག་ཏེ་ལག་མཐིལ་གྱིས་མ་ནེ་སྐྱོར་ནས་བསྡད།
མོའི་ཁ་གཏད་ན་ཕོ་གསར་ཚོས་ད་དུང་ཝུ་ཆང་འཐུང་བཞིན་ཁ་བརྡ་བྱེད་པ་ལས་ཚིག་འགའ་རེ་གོ་ཐུབ་ནའང་བརྗོད་གཞི་གང་ཞིག་གི་སྟེང་ནས་ཁ་བརྡ་བྱེད་ཀྱིན་ཡོད་མེད་ཤེས་དཀའ།
གང་ལྟར་མོ་ལ་དོ་སྣང་ཅུང་ཙམ་སྤྲད་པ་ནི་ཁོ་ཚོའི་མདུན་ན་བོད་ཡིག་གི་དེབ་མཐུག་པོ་ཞིག་ཡོད་པ་དེ་དང་། ཁོ་ཚོས་མོ་ལ་མིག་ཟུར་གྱིས་ཡང་ཡང་བལྟས་བ་དེ་རེད།
མོས་ནང་ཆུ་འཐུང་རྗེས་ཐད་ཀར་ཁང་བའི་ནང་དུ་ལོག་ནས་ངལ་གསོ་བྱས།
རི་ངོས་འདིར་ཕྱི་དྲོ་ཉི་མ་ནུབ་ལ་ཉེ།
མོ་རང་གཉིད་སད་ནའང་ས་རྒྱུས་དང་མི་རྒྱུས་མེད་པ་མ་ཟད་མོ་རང་མི་ལ་འབྲེལ་འདྲིས་བྱེད་རྒྱུར་གོམས་འདྲིས་དེ་ཙམ་མེད་པས་རེ་ཞིག་རང་གི་ཉལ་ཁང་ནང་གི་སྒེའུ་ཁུང་ལས་ཕྱི་རོལ་གྱི་རྣམ་པར་རྒྱང་ལྟ་བྱས།
གུ་དོགས་པའི་ཁྲོམས་རྭ་ཆུང་ཆུང་འདིའི་བཟོ་ལྟར་བལྟས་ན་འཛམ་གླིང་གི་ཚོང་རྭ་ཞིག་མིན་པ་ཤེས་ཐུབ་ནའང་མི་རིགས་སྣ་མང་གིས་འཚང་ཁ་དེས་གནའ་རྫས་རྭ་བ་ཞིག་ལོས་ཡིན་འདོད་པའི་ཚོར་བ་སྟེར།
ཁྲོམས་རྭའི་སྲང་ལམ་དོགས་མོའི་ནང་ན་སྤྲོ་འཆམ་པ་དང་གནས་མཇལ་བ། ཚོང་བ། སྤྲང་བོ། འཁྱམ་ཉུལ་བ། སྐབས་འཚོལ་བ། རྐུབ་ལྡག་པ། རྐུན་མ། ཇག་པ། སྤྲེའུ། བ་ལང་སོགས་ཚང་མ་དཔུང་བ་སྣོལ་བཞིན་ཡར་འགྲོ་མར་འགྲོ་བྱེད།
གང་ལྟར་དེ་རིང་སྒེའུ་ཁུང་གི་མཐོང་སྣང་དེས་ཡིད་འཚིམས་པས་འོག་གི་ཟ་ཁང་ལས་དགོང་ཆུ་འཐུང་རྗེས་ཐད་ཀར་ཉལ་ཁང་དུ་ཕྱིར་ལོག་ནས་ངལ་གསོས།
ཕྱི་ཉིན་སྔ་མོར་ལང་ནས་ནང་ཆུ་མ་འཐུང་གོང་བྱིས་དུས་སུ་མཇལ་མྱོངས་ཤིང་མོའི་མིག་ལམ་ལ་ད་དུང་གསལ་ལེར་ཤར་བའི་ལྷ་ལྡན་གཙུག་ལག་ཁང་ལ་མཇལ་དུ་སོང་།
གཙུག་ལག་ཁང་གི་ནང་ལ་བཞེངས་བའི་ལྷ་སྐུ་དང་ཐང་ཀ་སོགས་ལྷ་རྟེན་སྐུ་གསུམ་ཚང་མ་ལེན་ཆོག་ཆོག་དང་འགྲོ་ཆོག་ཆོག་བྱས་ནས་བཞེངས་འདུག་པར་བལྟས་ན་ལམ་འགྲོ་བ་ཞིག་གིས་ངལ་གསོ་བྱེད་ས་ལོས་ཡིན་འདོད་པའི་སྣང་བ་སྟེར་ལ་བོད་པའི་ཁ་དཔེ་ལྟར།
རྐུན་མ་ཡོང་ན་འཁྱེར་རྐྱང་དང་ཇག་པ་ཡོང་ན་འགྲོ་རྐྱང་ཡིན་པའི་རྣམ་པ་མངོན།
མོས་མགོ་སྒུར་ཞིང་མིག་བཙུམ་ནས་གསོལ་འདེབ་བྱེད་པའི་མཇལ་སྟངས་དེ་བསྒྱུར་ནས་ལྷ་སྐུ་རེ་བཞིན་ཁ་བཏགས་འཐེན་བཞིན་ཞིབ་ལྟ་བྱེད་པ་དེས་ངོ་མ་ཞིབ་འཇུག་སློབ་མ་ཞིག་གིས་དཔྱད་རྩོམ་གྱི་རྒྱུ་ཆ་འཚོལ་བའི་རྣམ་པ་ངོ་མ་དེ་སྟེར་ཐུབ།
གཙུག་ལག་ཁང་གི་ཕྱི་རོལ་ན་ལོ་ལོན་འགའ་མ་ནི་འདོན་བཞིན་སྐོར་བར་འགྲོ་བ་ལས་གཞན་ཅི་ཡང་མེད་པས་འཁོར་ཡུག་འདི་ད་དུང་ལྷིང་འཇགས་རེད།
ཡུན་རིང་འགོར་མེད་ནའང་ལྷ་དང་བླ་མའི་བྱིན་གྱིས་རླབས་ནས་ཞེ་སྡང་གིས་གནས་འདིར་ཡོང་བའི་ཞེ་སྡང་མཚོའི་སེམས་པ་རང་བཞིན་གྱིས་ལྷོད་ལ་བབས། ཡིན་ནའང་མོའི་སེམས་ནས་ད་དུང་བརྗེད་ཐབས་བྲལ་བ་ནི་སེང་ཆེན་ཡིན།
གཙུག་ལག་ཁང་ནས་ཕྱིར་རང་གི་མགྲོན་་ཁང་ནས་ཕྱིར་རང་གི་མགྲོན་ཁང་ལ་འགྲོ་བའི་ལམ་ཁར་མོས་ཁ་ནས་མ་ཎི་འདོན་གི་ཡོད་ནའང་ཕོ་གསར་རེ་མཐོང་ཚེ་འདིའང་སེང་ཆེན་མིན་ནམ་སྙམ་བཞིན་དེ་ལ་བསམ་བློ་འཁོར་ནས་མ་ཎི་སྟོང་འདོན་བྱེད་བཞིན་སོང་།
མོས་མ་ཎི་མང་བོ་འདོན་མྱོང་མེད་ལ་དེའང་མོ་རང་མི་ཚེ་འདིར་འཇིགས་པ་དང་དཀའ་ངལ་གང་ལའང་འཕྲད་མྱོང་མེད་པས་ཡིན་སྲིད།
རི་ངོས་འདིར་ཆགས་པའི་གྲོང་ཚོ་ཆུང་ཆུང་འདི་ལ་ལོ་ངོ་བཞི་བཅུ་ལྷག་གི་ལོ་རྒྱུས་ལྡན་པའི་གཙག་ལག་ཁང་ཆེན་པོ་ཞིག་དང་དགོན་པ་ཆ་ངེ་ཆུང་ངེ་འགའ་ལས་མེད་མོད།
གནས་མཇལ་བ་དང་སྤྲོ་འཆམ་པ་སོགས་ཀྱི་འཁོར་སྐྱོད་ལ་བལྟས་ན་ལོ་ངོ་དུ་མའི་ལོ་རྒྱུས་རང་བཞིན་ལྡན་པའི་གནས་མཆོག་ཅིག་གི་རྣམ་པ་མངོན་ཡོད།
མོས་མ་ཎི་འདོན་བཞིན་ཁྲོམས་རྭའི་ནང་གི་ཁང་མིག་རེ་རེའི་སྒོ་བྱང་ལ་ལྟ་གིན་ལྟ་གིན་སོང་། སྒོ་བྱང་ལ་བལྟས་ན་ཚང་མ་ཚོང་ཁང་དང་ཟ་ཁང་རྐྱང་རྐྱང་རེད།
རྒྱལ་ཁབ་འདྲ་མིན་ནས་ཡོང་བའི་མི་རིགས་འདྲ་མིན་གྱིས་དཔུང་ཐུག་རྒྱག་བཞིན་ཡར་འགྲོ་མར་འགྲོ་བྱེད་པར་དོ་སྣང་མ་བྱུང་ནའང་ས་ཆ་འདིར་བོང་ལི་ཞོན་༼བོང་ལི་ནི་ཨམ་སྐད་ཀྱིས་བོང་བུར་གོ
༽པའི་རྒྱ་རྒན་གཅིག་ལས་མེད་ཅིང་རྒྱ་རྒན་དེས་རྐུན་མིག་གཡོ་བཞིན་ཡར་ལྟ་མར་ལྟ་བྱེད་པར་མོ་རང་ཅུང་ཙམ་ཡ་མཚར་སྐྱེས།
མོས་རྐང་སྣམ་ལྟ་བུའི་ཚོང་རྭ་དེར་སྐོར་བ་གཅིག་བརྒྱབས་ཏེ་ཕྱིར་མགྲོན་ཁང་ལ་འགྲོ་བའི་ལམ་ཁར་ཕོ་གསར་ཞིག་གིས་ཁ་པར་རྣ་རྩར་གླན་ཏེ་མོའི་མདུན་ནས་ཡར་འགྲོ་མར་འགྲོ་བྱེད་བཞིན་ཨ་རོ་མྱི་ལྡང་།
རེ་མ་མྱི་རྐྱང་ཐོག་ཁར་ཤོག་དང་ཟ་ལེ་རྒྱལ་ལ་དེ་རིང་གསར་འགྱུར་གསར་བ་ཞིག་བཤད་རྒྱུ་ཡོད་ཟེར་གི་ཞེས་བཤད་བཞིན་པ་ཐོས་ནས།
མྱི་རྐྱང་ཐོག་ཁ་ཅེས་བའི་ས་མིང་དེ་དང་ཟེ་རྒྱལ་ཞེས་བའི་མི་མིང་དེས་མོའི་གོམ་པའི་ཁ་ཕྱོགས་བསྒྱུར།
གསུམ།
ཟ་ལེ་རྒྱལ་ནས་གུང་གསེང་གི་གོ་སྐབས་སྤྱད་དེ་ཡོ་རོབ་ཀྱི་རི་བོ་མཐོ་ཤོས་རི་དཀར་བོ་ནས་བྲིས།

