ཟ་ལེ་རྒྱལ་གྱི་ཟིན་བྲིས།

བླ་མའི་སྲས་མོར་འོས་བའི་ཁྱོ་ཀ་མེད། ག


ཞེ་སྡང་མཚོས་ཐག་རིང་ནས་ཕོ་གསར་དེ་གར་འགྲོ་མིག་གིས་འཚོས། ཁོས་ཕྱིར་མིག་ཙམ་ཡང་མི་ལྟ་བར་མགོ་སྒུར་ནས་སྒོ་དང་སྒེའུ་ཁུང་ཤར་ཕྱོགས་སུ་བསྒྱུར་བའི་ཁང་བ་ཉིས་ཐོག་ཅིག་གི་སྐས་རྐང་བརྒྱུད་དེ་ཁང་ཀླད་ལ་ཕྱིན་སོང་། གཡག་རྐུན་ངོ་ན་ཤིག་ཅིག་ཅེས་པ་བཞིན་མོ་རང་དོགས་ཅུང་ཙམ་མི་བདེ་ནའང་ཕལ་ཆེར་ཕོ་གསར་དེས་མོ་ལ་དོ་སྣང་བྱས་མེད་པ་མོས་གདེང་ཚོད་ཐུབ། གང་ལྟར་མི་ལ་འབྲེལ་བ་ཅུང་ཙམ་མ་བཟུང་ན་རང་གི་ཡོང་དོན་འགྲུབ་ཀི་མེད་པས་མི་རྐྱང་ཐོག་ཁར་སྐོར་བ་ཞིག་ངེས་བར་དུ་བྱེད་དགོས། མོ་ག་ལེར་སྐས་འཛེག་ལ་འགོས་ཏེ་ཁེར་ཐོག་ལ་བསླེབས་པ་ན་བུ་མོ་ཞིག་གིས་བཀྲ་ཤིས་བདེ་ལེགས་ཟེར་བཞིན་ཟ་ཁང་གི་བདག་མོ་ཡིན་པའི་བརྡ་བསྟན། མོས་འོ་ཇ་གཅིག་མངགས་རྗེས་ཨ་ཅ་ལགས། མྱི་རྐྱང་ཐོག་ཁ་འདི་རེད་པས་ཅེས་བ་ན་སྦྱིན་བདག་མས་གད་མོ་དགོད་བཞིན་ལགས་རེད་ཅེས་པས་མོ་རང་དེ་བས་ཀྱང་དོགས་མི་བདེ་བར་གྱུར། ཡིན་ནའང་མོ་ལ་གདམས་ཀ་གཞན་མེད་པས་བཙན་གྱིས་ཁང་ཀླད་ལ་འགོས།
བཀྲ་ཤིས་བདེ་ལེགས་ཉིས་བརྩེགས་ཤིག་གིས་མོ་ལ་བསུ་བ་བྱས། མོས་ཀྱང་བཀྲ་ཤིས་བདེ་ལེགས་ཀྱིས་གུས་ལན་ཕུལ་ཏེ་མྱི་རྐྱང་ཐོག་ཁང་གི་ཅོག་ཙེི་ཞིག་གི་ཟུར་ནས་རང་གི་འོ་ཇ་ལ་བསྒུགས། ཁོང་གཉིས་ཀས་ཕན་ཚུན་ལ་མྱི་ལྡང་ཞེས་འབོད་པ་ལས་མིང་གིས་མི་འབོད་པས་ཁ་པར་རྒྱག་མཁན་དེའི་མིང་མི་ཤེས་ནའང་ཅིག་ཤོས་ནི་ཟ་ལེ་རྒྱལ་ཡིན་པར་མོས་ཚོད་དཔག་བྱས་ནའང་དེ་ནི་ཁོའི་མིང་ངོ་མ་ཡིན་མིན་མི་ཤེས། མྱི་ལྡང་གཉིས་ཀས་སྐད་དམའ་མོས་ཁ་བརྡ་བྱེད་བཞིན་མོ་ལ་ཟུར་མིག་གིས་ཡང་ཡང་བལྟས་བ་དེས་མོའི་སྐོར་གྱི་ལབ་གླེང་ཞིག་བྱེད་ཀི་ཡོད་པ་གསལ་བོར་མངོན། མོས་མ་ཤེས་ཁུལ་གྱིས་བོད་ཡི་གི་དེབ་ཅིག་ཀློག་པའི་ཞོར་ལ་རྣའི་ཟུར་གྱིས་ཉན་ཡང་མོས་ཅི་ཡང་གོ་མ་ཐུབ། ཅུང་མ་འགོར་བར་ཕོ་གསར་ཞིག་མྱི་རྐྱང་ཐོག་ཁར་རྒྱུག་ཡོང་ཏེ། ཝེ། གསར་འགྱུར་ཞིག་ཡོད་ཅེས་བ་ཅི་ཞིག་རེད་ཅེས་པས་མྱི་ལྡང་གཉིས་ཀས་ཞེ་སྡང་མཚོར་མིག་མཉམ་གྱིས་ལྟ་ཙམ་བྱས་བའི་མོད་ལ་ཅུང་མི་བདེ་བའི་ངང་མར་སྡོད་དང་ག་ལེར་བཤད་ཟེར། མོས་མ་གོ་ཁུལ་གྱིས་རང་གི་འོ་ཇ་དཀར་ཡོལ་གང་བོ་དལ་གྱིས་འཐུང་རྗེས་ཡར་ལང་ནས་འགྲོ་གྲབ་བྱས་པས། ཕོ་གསར་ཚོས་འཕྲོ་རིམ་འཕྲོར་སྦའེ་སྦའེ་ཟེར། དེ་ནི་མོ་རང་ས་འདིར་ཡོང་བའི་ངོ་ཤེས་ཐོག་མ་དེ་ཡིན་པས་མོས་ཀྱང་གུས་ཚུལ་དང་བཅས་རྗེས་ལ་མཇལ་ཡོང་ཟེར་བཞིན་ལག་བརྡ་ཞིག་བྱས། ལས་ཤིག་ཡོད་ན་ལམ་ཞིག། ལམ་སྣེ་དེ་ན་རུ་ཞིག་ཅེས་བ་བཞིན་མོ་རང་ཟ་ལེ་རྒྱལ་ལ་ཐུག་པའི་གོ་རིམ་དེ་མ་བསྒྲིགས་རང་འགྲིག་ཅིག་ཡིན་པས་ཕན་ཚུན་ལ་སྐད་ཆ་བཤད་མྱོང་མེད་ནའང་ཁོ་ནི་མོའི་སེམས་གྱི་ངོ་ཤེས་ལྟ་བུ་ཞིག་ཏུ་གྱུར་ཡོད། 
མོའི་སྣང་བ་ཞིག་ལ་མོ་རང་སེང་ཆེན་དང་བར་ཐག་མི་རིང་བའི་ས་ཆ་ཞིག་ན་འདུག་པས་མོས་ནམ་ཡང་སེང་ཆེན་མི་བརྙེད་པའི་སེམས་ཁུར་བྱེད་ཀི་མེད། མོའི་འདང་རྒྱག་ཧ་ཅང་ཆེ་ས་དེ་བརྩམས་སྒྲུང་རིང་མོ་ཁ་སྒང་གཅོད་པ་ཐར་གྱི་སྒྲུང་མཇུག་དེ་རང་གི་འདོད་བློ་བཞིན་འབྲི་རུ་འཇུག་དགོས་པས་དེ་ལ་ཞི་དྲག་གི་ཐབས་ཤེས་གང་ཞིག་བེད་སྤྱོད་བྱེད་དགོས་མིན་དེ་ཡིན། ཐུང་མདའ་ཞིག་རང་གི་ཁུག་མའི་ནང་དུ་ཡོད་ནའང་དེ་ནི་སང་ཆེན་ལ་འཇིགས་སྐུལ་བྱེད་ཀྱི་ལག་ཆ་ཙམ་ལས་དོན་གྱིས་མོས་མེ་མདའ་རྒྱག་ཀྱང་མི་ཤེས་ལ་སེང་ཆེན་མེ་མདའ་ལ་སྐྲག་མིན་དང་ཁོ་མི་དཔའ་བོ་ཞིག་ཡིན་མིན་ཡང་མི་ཤེས། མོའི་ཞེ་སྡང་གློ་བུར་བ་དེ་རིམ་གྱིས་ཡལ་སོང་བས་ད་ནི་ཐུང་མདའ་དེ་བེད་མེད་ལྟ་བུར་གྱུར་ཡོད་མོད་མོའི་ཞེ་སྡང་དེ་ནད་རྙིང་ཞིག་དང་འདྲ་བས་ད་དུང་བསྐྱར་ལོག་མི་རྒྱག་པའི་ངེས་བའང་མེད། ད་དུང་མོས་ཤེས་འདོད་པ་དེ་ཁོ་རང་མི་ཕྱུག་པོ་ཞིག་ཡིན་མིན་དང་ཁོ་རང་སྒོར་མོར་དགའ་མིན། ཁོ་རང་མི་རྐྱང་ཞིག་ཡིན་མིན་དང་ཁོ་རང་བུ་མོར་དགའ་མིན། ཁོ་ལ་ཕོ་སྒོ་ཡོད་མེད་སོགས་མང་པོ་མང་པོ་ཡོད། གང་ལྟར་ཉིན་འདི་འགར་མོས་སེང་ཆེན་འགུག་པའི་བསམ་བློ་མང་པོ་གཏོང་གི་ཡོད་ལ་ཞོར་ནས་སྒྲུང་རྩོམ་ཞིག་གི་རྔ་མའི་ཇུས་འགོད་ཀྱང་བྱེད་ཀི་ཡོད། 
བསལ་བློ་ཡན་ཡུན་གྱིས་ཉིན་མ་འགའ་འདི་ལྟར་ཡུན་གྱིས་འདས་རྗེས་མོ་ལ་ངོ་ཤེས་ལ་རྒྱུས་མེད་པའི་འགྲོ་རོགས་དང་འདུག་རོགས་འགའ་རེ་ཡོད་ལ་ཟ་ལེ་རྒྱལ་ཡང་དེའི་ནང་གི་གཅིག་ཡིན། ཡིན་ནའང་ད་དུང་ཁོ་ཚོས་ཁ་ལྷོད་ནས་ཁ་བརྡ་ལྷོད་པོ་ཞིག་བྱེད་རྒྱུ་ཕར་ཞོག་མཐའ་ན་ཕན་ཚུན་ལ་ངོ་སྤྲོད་གསལ་བོ་ཞིག་ཀྱང་བྱེད་མ་མྱོངས། ས་ཁམས་དང་གནམ་གཤིས། རང་དབང་གི་འཚོ་བ། གུ་ཡངས་ཀྱི་བསམ་བློ། གྲལ་རིམ་མེད་པའི་འཁོར་ཡུག་སོགས་ཀྱིས་མོའི་སེམས་ཁམས་ལ་འགྱུར་བ་སྣ་ཚོགས་ཐེབས་ལ་ངེས་གཏན་མེད་པའི་འཚོ་བ་དེའི་ནང་ནས་རང་དབང་ལྡན་ཞིང་དེ་རིང་གི་ཟ་འཐུང་ཙམ་ལས་སང་ཉིན་ལ་སེམས་ཁུར་མེད་པའི་གོམས་གཤིས་ཤིག་ངང་གིས་སྐྱེས། དེ་ནི་མོ་ལ་ཟ་ལེ་རྒྱལ་ཚོའི་འཚོ་བ་རོལ་སྟངས་ལས་སང་ཉིན་ལ་སེམས་ཁུར་བྱེད་མི་དགོས་བའི་བསླབ་བྱ་ཞིག་རེག་པ་འདྲ། ཨ་རག་འཐུང་ན་བདེན་པ་སྐྱུག་ཅེས་བའི་རྒྱ་མིའི་གཏམ་དཔེ་དེ་མོས་བདེན་པར་མཐོང་ནས་ད་ནི་སྐབས་རེར་ཝུ་ཆང་ཉུང་ཉུང་རེ་འཐུང་གི་ཡོད་ལ་ཐ་མག་རྐང་གཅིག་རེ་གཉིས་རེའང་བཙན་འཐེན་བྱེད་ཀི་ཡོད། དྲང་མོར་བཤད་ན་འདི་ཡང་ཟ་ལེ་རྒྱལ་ཚོས་མོ་ལ་བསླབས་པའི་མི་ཚེའི་རོལ་སྟངས་ཤིག་ཡིན། ཕ་མའི་གྲིབ་གཟུགས་ལས་ལོགས་སུ་བུད་དེ་མོས་རང་རྐྱ་ཐུབ་པའི་བསམ་བློ་ཞིག་གི་ཁ་ཕྱོགས་བརྙེད་ཅིང་རྟོག་པ་མི་འཐོབ་ཀྱང་རང་ཉིད་ལ་དབང་བའི་ལྟ་བ་ཙམ་དགོས་བའི་བསམ་བློ་འཁོར་བ་དེས་རང་ངོ་རང་གིས་མ་ཤེས་བའི་ལོ་ཟླ་དང་སྐྱིད་སྡུག་མ་ངེས་བའི་འཚོ་བ། མདོར་བསྡུས་ནས་བཤད་ན་འདས་ཟིན་པའི་མི་ཚེ་དང་དེའི་འཚོ་བའི་རོལ་སྟངས་ལ་བློ་འགྱོད་སྐྱེས་ཏེ་བླ་མའི་སྲས་མོར་འོས་བའི་ཁྱོ་ཀ་མེད་ཅེས་བའི་ཉིན་ཐོ་ཞིག་གི་ཁ་བྱང་བརྙེད། 
ངས་ཨ་ཕའི་འཁྲིས་ནས་སུམ་རྟགས་དག་གསུམ་དང་བརྡ་སྤྲོད་སྙན་ངག་སོགས་ལ་སྦྱང་བ་ཅུང་ཙམ་བྱས་བའི་ཞོར་ལ་དཔེ་ཀློག་མང་བོ་བྱས་ཏེ་རང་ཉིད་ལ་བོད་ཡིག་གི་རྨང་གཞི་བཙུགས་པ་ལས་དོན་གྱིས་གངས་ལྗོངས་སྒྱུ་རྩལ་སློབ་གྲྭ་ཆེན་མོར་འགྲོ་མྱོང་མེད་ལ་དེའི་ཞིབ་འཇུག་སློབ་མའང་མིན། མི་ལ་ལས་ང་ལ་རང་ཐུག་སྐྱིད་དང་ཞེ་སྡང་མཚོ་སོགས་བཏགས་མིང་མང་བོ་སྦྱོར་མྱོང་ལ་དོན་གྱིས་ངོས་ལེན་བྱེད་འོས་བ་ཞིག་ཀྱང་ཡིན། ངའི་ཨ་ཕ་བླ་མ་ཞིག་ཡིན་པ་དང་མི་ཚང་མས་སྲས་མོ་སྐུ་ཞོགས་ཞེས་ང་རང་གནམ་ལ་བཏེགས་པ་དེས་ངའི་མིག་ཟུང་དང་བསམ་བློའི་སྒོ་འཕར་ཕྱེས་མ་ཐུབ། མཐའ་ན་གནམ་ནས་བབས་པའི་དངོས་གྲུབ་འདི་སུ་ཞིག་གིས་དཀའ་ལས་བརྒྱབས་ཏེ་མུག་བསོགས་བྱས་བ་དེ་བས་ཀྱང་ཡིད་ལ་འཁོར་མྱོང་མེད། ཅི་དགོས་ཅི་མཁོ་གནམ་ནས་དངོས་གྲུབ་ཀྱི་ཚུལ་དུ་འབབ་པ་འདི་ངའི་བསོད་ནམས་རེ་འདོད་པ་ལས་དེ་དག་གང་ནས་ཡོང་མིན་ལ་བསམ་བློ་བཏང་མ་མྱོང། པྭ་མགོ་ཞེས་བའི་མིང་ཚིག་ཅིག་ཁ་ལྕེ་བར་ལ་ཞག་རྩི་བཞིན་འཁྱིལ་ཡོད་ལ་རང་བློར་འབབ་པའི་ཁྱོ་ཀ་ཞིག་མ་རེག་པའང་དོན་དེ་ལ་ཐུག་ཡོད། དྲང་མོར་བཤད་ན་ང་ལ་སྣང་བ་མཐོན་པོ་ཞིག་དང་ཨ་ཕ་ཕྱུག་པོ་ཞིག་ལས་ཅི་ཡང་མེད་མོད་ཕོ་གསར་སུ་ཡིན་ཡང་སྟག་མོ་སྐྱིད་ཀྱི་བློར་འབབ་མིན་ལས་སྟག་མོ་སྐྱིད་བློར་འབབ་མིན་ལའང་ངས་བསམ་བློ་ནམ་ཡང་བཏང་མ་མྱོང་། ཉིན་འདི་ཚོར་མྱི་རྐྱང་ཐོག་ཁ་ནས་ཟ་ལེ་རྒྱལ་དང་མྱི་རྐྱང་འགའི་མཉམ་དུ་འཇིག་རྟེན་མི་ཆོས་རིང་ལུགས་ཀྱི་ལྟ་བའི་སྐོར་ལ་རང་རང་གི་ལྟ་ཚུལ་བཤད་པ་སོགས། མི་ལ་འདྲིས་ཤིང་མི་ལ་འགྲོགས་པའི་བརྒྱུད་རིམ་ལས་མི་ཚང་མས་རང་གི་སློབ་སྦྱོང་དེ་རང་གི་འཚོ་བའི་རྒྱབ་བརྟེན་བྱས་ཏེ་ཕུགས་རྒྱང་རིང་བའི་གོམ་སྟབས་དེས་རང་ཉིད་ཨ་ཕར་ཁེན་པའི་སྤོབས་པ་དེ་གླེང་རིན་མེད་པར་གྱུར་པས། ཁ་སང་དེ་རིང་ངས་རང་ཉིད་ལ་བཟོ་ལྟ་ངོ་མ་ཞིག་བཟོ་ན་འདོད། ངས་གསར་བ་རྐྱང་རྐྱང་གོན་མྱོང་ལ་ངས་ཞིམ་པོ་ཏག་ཏག་ཟས་མྱོང་། ད་དུང་ངས་འདི་ལྟར་བསམ་མྱོང་། སྟག་མོ་སྐྱིད་ལ་ཁྱོ་ཀ་པྭ་མགོ་ཞིག་མི་དགོས། སྟག་མོ་སྐྱིད་ལ་ཁྱོ་ཀ་ཡིག་རྨོངས་ཤིག་མི་དགོས། སྟག་མོ་སྐྱིད་ལ་ཁྱོ་ཀ་ཕོ་རྩོག་ཅིག་མི་དགོས། དོན་གྱིས་ཁྱོ་ཀ་ཕྱུག་པོ་ཞིག མཁས་བ་ཞིག ཕོ་ཡག་ཅིག ཡིན་ནའང་ངས་གསར་བ་བརྙིང་ན་བཀྲུ་མི་ཤེས་ལ་ཞིམ་པོ་རྫོགས་ན་བཟོ་མི་ཤེས། མཐའ་ན་ངས་གོ་རེའང་བཅའ་མི་ཤེས་པས། ངའི་ཁྱོ་ཀ་བྱེད་འདོད་མཁན་དེ་སུ་ཡིན་ནམ། ངས་འདི་ལྟར་ལྡོག་ཕྱོགས་ནས་བསམ་བློ་བཏོང་མ་མྱོང་། ངས་རང་ལ་དགོས་བའི་ཆ་རྐྱེན་བརྩིས་མྱོང་མོད་ངས་རང་ལ་ཡོད་པའི་ཡོན་ཏན་བརྩི་མ་མྱོང་། ངས་རང་བློར་འབབ་པའི་ཁྱོ་ཀ་དེ་ཚོང་ཁང་ནང་གི་ཅ་ལག་ཉོ་ཉོ་བྱེད་པའི་མཐུན་རྐྱེན་ཆ་ཚང་རང་ལ་འཛོམས་པར་སྒོམ་མྱོང་། ཕྱོགས་གཞན་ཞིག་ནས་བཤད་ན་ང་ལ་བསམ་བློའི་རིན་ཐང་ཆེ་དམའ་ནའང་ཕྱིའི་རྣམ་པའི་ཆ་ནས་སྟོང་ཐམ་པའི་གྲལ་མགོར་མི་བསླེབ་ཀྱང་བརྒྱ་ཐམ་པའི་གྲལ་མཐར་མི་ལྷུང་བའི་མོ་སྒོ་ཨེབ་ཆེན་ཞིག་ཡོད་པར་རང་ལ་ཡིད་ཆེས་ཡོད་ལ་ཨུ་ཚུགས་ཆེ་བ་ལས་བླུན་མོ་ཞིག་མིན་པའི་གདེངས་ཚོད་ཀྱང་ཡོད། ངས་རང་ལ་ཞིབ་བཤེར་ཐེངས་གཅིག་བྱས་བར་ངོམས་འོས་བའི་ཡོན་ཏན་འདི་ཙམ་ལས་མ་བརྙེད་མོད་སད་རིན་ཞིག་ལ་སད་པའི་དགའ་སྤོབས་སྐྱེས། ང་རང་ཡར་ལ་ལང་བསམ་ནས་མགོ་བོ་བཀྱགས་དུས་ཉི་མ་རི་རྩེ་ནས་བབས་སྟེ་སྤང་ཐང་ལ་འཁྱིལ་འདུག མི་ཚང་མས་ཞོགས་ཇ་འཐུང་གྲུབ་ནས་ཉིན་མོ་དེའི་ལས་འཆར་གྱི་ཆ་མང་པོ་ཞིག་སྔ་ས་ནས་བསྒྲུབས་ཟིན་ཡང་ང་གཅིག་པུ་ད་དུང་མལ་སའི་ནང་ན་མགོ་བོ་བཀྱག་ནས་ཡར་ལྟ་མར་ལྟ་བྱེད་བཞིན་ལྷག་འདུག ཨ་མ་ལགས། ང་ད་ནང་སྔ་མོར་མ་བོས་པ་ཅི། ང་ལའང་་་་ 
ཉི་མ་ནུབ་ཟིན་ལ་གྲོང་གསེབ་ཀྱི་གློག་འོད་གཅིག་རེ་གཉིས་རེ་བྱས་ནས་སྦར་ཡོང་། མོས་མྱི་རྐྱང་ཐོག་ཁ་ནས་རང་གི་ཉིན་ཐོ་འབྲི་བཞིན་ཝུ་ཆང་དམ་བུ་གང་ལ་མཆུ་སྦྱོར་ཡང་ཡང་བྱས། སྣང་བ་ཇེ་སྐྱིད་དང་འབྲི་རྒྱུ་ཇེ་མང་རེད། ཡིན་ནའང་ཁ་སང་གི་ཁོམ་དྲགས་པའི་ཟ་ལེ་རྒྱལ་ཚོས་བཀྲ་ཤིས་བདེ་ལེགས་ཟེར་བཞིན་ངོ་མི་ཤེས་བའི་མགོ་སེར་མ་རེ་ཁྲིད་ནས་མྱི་རྐྱང་ཐོག་ཁར་བསླེབས་པས་མོས་བཀྲ་ཤིས་བདེ་ལེགས་ཟེར་བཞིན་ཉིན་ཐོ་འབྲི་མཚམས་བཞག མགོ་སེར་མ་ཚོའི་ཟ་སྟངས་འཐུང་སྟངས་དང་འགྲོ་སྟངས་འདུག་སྟངས་དེས་ཁོ་ཚོར་མི་སུས་ཀྱང་བཀག་འགོག་བྱེད་མི་ཐུབ་ལ་མྱི་ཁར་འཛེམ་དགོས་བའི་རང་དབང་ཞིག་ལྷན་སྐྱེས་སུ་ཡོད་པའི་ཚོར་སྣང་བྱིན་ཡང་མོ་ད་དུང་བཤད་མི་ཤེས་བའི་བཀག་རྒྱ་ཞིག་གིས་ལྷོད་མ་ཐུབ་པར་ཟ་ལེ་རྒྱལ་ཚོའི་མཉམ་དུ་རང་གིས་རང་ལ་དོགས་ཟོན་དང་དོ་སྣང་བྱེད་བཞིན་བསྡད། མོས་གྲོས་ཚོགས་ཤིག་གི་ཟུར་ཉན་པ་བཞིན་ཁོ་ཚོའི་ཁ་བརྡར་ཉན་བཞིན་མཚམས་མཚམས་ལ་ཚིག་རེ་གཉིས་ཀྱིས་ཁ་སྣོན་བྱེད་པ་ལས་རང་ཉིད་ལའང་གཅིག་མཚུངས་ཀྱི་ཐོབ་ཐང་ཡོད་པ་དེ་བེད་སྤྱོད་བྱེད་ཐུབ་གི་མེད། སྐད་ཆ་བཤད་སྟངས་དང་ལག་པ་འཆང་སྟངས་སོགས་ལ་བལྟས་ན་ཟ་ལེ་རྒྱལ་གཅིག་པུ་ལས་མྱིང་རྐྱང་གཞན་པ་རེ་དང་མགོ་སེར་མ་རེ་ཐོ་ཐུག་ཡིན་པ་འདྲ། མོ་ཟ་ལེ་རྒྱལ་གྱི་འཁྲིས་སུ་ནུར་ཙམ་བྱས་བ་དེར་ཟ་ལེ་རྒྱལ་གྱིས་དེ་མ་ཐག་དོ་སྣང་བྱུང་བས་ཁོ་ནི་དེའི་རིགས་གཅིག་རྐང་འཛིན་པའམ་ཆེད་ལས་བ་ངོ་མ་ཞིག་ཡིན་པ་ཤེས་ཐུབ། 
ཟ་ལེ་རྒྱལ་གྱིས་སྟག་མོ་སྐྱིད་ཀྱི་ཉིན་ཐོ་འབྲི་དེབ་ལ་ལག་པ་འཆང་བཞིན་འདི་ཁྱོད་ཀྱི་ཉིན་ཐོ་ཡིན་ནམ་ཞེས་པས། མོས་བྲེལ་འཚུབ་ཀྱིས་ཨ་ཁུ་ལོ་ལོ་དེ་ལ་ལྟ་མི་ཉན་ཟེར་བཞིན་ལག་པ་གཉིས་ཤུགས་ཀྱིས་འབྲི་དེབ་ལ་འཐམ། ཟ་ལེ་རྒྱལ་གྱིས་དགོངས་དག་ཞུ་བཞིན་ལམ་སང་ལྷོད་ནའང་སྟག་མོ་སྐྱིད་ཀྱི་གསང་བའི་ཉིན་ཐོ་དེར་བལྟ་འདོད་ཀྱི་འདུན་པ་ཞིག་ཡིད་ལ་ཤག་སེ་འཁོར། ཁོ་མདུན་ཅོག་ལས་ཕྱིར་ནུར་ཅུང་ཙམ་བྱས་བ་དེ་སྟག་མོ་སྐྱིད་དང་ཁོ་གཉིས་ཀའི་སྒེར་ལ་དབང་པའི་ཁ་བརྡའི་ཁོར་ཡུག་བསྐུན་པའི་ཆེད་དུ་ཡིན་ལ་སྟག་མོ་སྐྱིད་ཀྱིས་དོན་གོ་ཡོད་མེད་མི་ཤེས་མོད་གང་ལྟར་མོའང་དེ་དང་མཉམ་དུ་ཕྱིར་ནུར་ཞིག་བྱས། 
ངོ་མ་ཁྱོད་ཀྱི་ཕ་ཡུལ་གང་ནས་ཡིན། ཁྱོས་ཨམ་སྐད་བཤད་ན་ཨ་མདོ་ནས་ཡིན་པ་འདྲ། ཁྱོས་དབུས་སྐད་བཤད་ན་དབུས་ནས་ཡིན་པ་འདྲ། ཕལ་ཆེར་ཁྱོད་ཀྱིས་ཁམས་སྐད་ཀྱང་བཤད་ཤེས་ས་རེད། ཟ་ལེ་རྒྱལ་གྱིས་འདི་ལྟར་ཁ་བརྡའི་ཁ་ཕྱོགས་བསྒྱུར། 
ངའི་ཕ་ཡུལ་གང་ནས་ཡིན་མིན་དང་། ངའི་ཕ་མ་སུ་ཞིག་ཡིན་མིན་དེ་ངས་མི་གཅིག་ལ་མ་གཏོགས་བཤད་འདོད་མེད་ལ་མི་དེ་ད་དུང་ངས་བརྙེད་མེད། ཨོ་ན། ཟ་ལེ་རྒྱལ། འདི་ཁྱོད་ཀྱི་མྱིང་ངོ་མ་ཡིན་རྒྱུ་མ་རེད། ཁྱོད་ཀྱི་མིང་དངོས་ལ་ཅི་ཟེར་རམ། 
ངའི་མྱིང་ལ་སྟག་ཕྲུག་རྒྱལ་ཟེར། 
ཨིན། ཤོབ་མ་གཏམ། 
ངོ་མ་ཡིན། སྟག་མོ་སྐྱིད། སྟག་ཕྲུག་རྒྱལ། ཡག་པོ་མི་འདུག་གམ། 
ཡིན་ན་ཟ་ལེ་རྒྱལ། ཟ་ལེ་སྐྱིད། དེ་ར་ཡག་གི་མོ། 
ཧ་ཧ་ཧ་་་་་་་་ 
རིམ་གྱིས་ས་རུབ་ནས་སྐར་མ་ལ་ཤར་ལུང་ཤར་རེད། ཁོ་གཉིས་ཀའི་ཁ་བརྡ་ཇེ་མང་དང་སྐད་མགོ་ཇེ་དམར་སོང་བས་མགོ་སེར་མ་ཚོས་མགོ་ནག་རེ་ཁྲིད་དེ་སྦའེ་སྦའེ་ཟེར་བཞིན་མྱི་རྐྱང་ཐོག་ཁ་ནས་བབས་ཏེ་རང་རང་གི་འདུག་སར་ཕྱིན་སོང་། སྟག་མོ་སྐྱིད་དང་ཟ་ལེ་རྒྱལ་གཉིས་ཀས་བར་ཐག་ཅིག་བཟུང་ནས་ད་དུང་ཁ་བརྡ་བྱེད་བཞིན་འདུག་ལ་ཕར་བལྟས་ཚོད་ཀྱིས་ཁོ་གཉིས་ཀའི་ཁ་བརྡ་དེ་ལམ་སང་རྫོགས་རྒྱུ་མིན་པ་འདྲ།

འདོན་སྤེལ།: ༢༠༠༩/༠༨/༡༥

  • loading

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།