ཟ་ལེ་རྒྱལ་གྱི་ཟིན་བྲིས།

བླ་མའི་སྲས་མོར་འོས་བའི་ཁྱོ་ཀ་མེད། ང་།

                                       

                                                                     བཞི། 
ཚོད་དཔག་བྱེད་ཐུབ་པ་ཞིག་ལ་མུན་ནག་གི་ལས་ཀར་བྲེལ་བའི་མགོ་སེར་མ་འགས་ཟ་ལེ་རྒྱལ་རེ་ཞོན་ནས་བདེ་སྐྱིད་ཐང་ན་སུ་མགྱོགས་ཀི་བང་རྩལ་འགྲན་གྱི་ཡོད་པ་ལས་སྡར་མ་ཟ་ལེའི་རི་བོ་ན་མྱི་ཟོག་ཚང་མ་དལ་འཇེགས་གེར་འདུག མྱི་རྐྱང་ཐོག་ཁའི་ལྷིང་འཇགས་ཁྲོད་ཀྱི་ཁ་བརྡ་དེ་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་ཡར་འཁོར་མར་འཁོར་བྱེད། སྤྲིན་པ་ཐར་ཐོར་གྱི་སྲུབ་ཀ་ནས་ནམ་མཁའི་ཟླ་བས་ལྐོག་ལྟ་ཡང་ཡང་བྱེད་ལ་སྦྱིན་བདག་ཟླ་བས་ཀྱང་ཟ་ཁང་གི་སྒེའུ་ཁུང་ནས་མགོ་ཟུར་རྣ་ཡིས་ཡང་ཡང་ཉན། ཟླ་བས་མཐོང་བ་ནི་གསལ་ལ་མི་གསལ་བའི་གྲིབ་གཟུགས་གཉིས་ཡིན་ལ་ཟླ་བས་ཐོས་བ་ནི་ཚོར་ལ་མི་ཚོར་བའི་སེམས་གཏམ་རེ་གཉིས་ཡིན། ཟླ་བས་མཐོང་བ་ཟླ་བས་མ་མཐོང་ལ་ཟླ་བས་ཐོས་བ་ཟླ་བས་མ་ཐོས། ཟླ་བར་གྲིབ་གཟུགས་མཐོང་བའི་དཔང་བོ་མེད་ལ་ཟླ་བར་སེམས་གཏམ་ཐོས་བའི་དཔང་བོའང་མེད། གང་ལྟར་ཟླ་བའི་མིག་ལམ་ནས་གྲིབ་གཟུགས་གཉིས་འདི་ལྟར་ཡལ་རྗེས་ཟླ་བའི་རྣ་ལམ་ནས་གོམ་སྒྲ་གཉིས་རིང་དུ་ཕྱིན་སོང་། ཟླ་བས་བཤད་ན་གྲིབ་གཟུགས་གཉིས་སོ་སོར་གྱེས་སོང་ཟེར་ལ་ཟླ་བས་བཤད་ན་གོམ་སྒྲ་གཉིས་མཉམ་དུ་ཡལ་སོང་ཟེར། ཟླ་བ་དང་ཟླ་བས་མིག་ཟུང་བཙུམ་ཡང་ཟླ་བ་དང་ཟླ་བས་རྨི་ལམ་ན་གསང་བ་ཞིག་གི་གྲིབ་གཟུགས་བསྙེགས།


ཉིན་འགར་ཟ་ལེ་རྒྱལ་དང་སྟག་མོ་སྐྱིད་གཉིས་མྱི་རྐྱང་ཚོའི་མིག་ལམ་ལ་མ་བརྒྱུད་པས་མི་ཚང་མས་རྟོག་བཟོ་བྱས་བའི་གཏམ་རྒྱུད་འདྲ་མིན་ཞིག་སྡར་མ་ཟ་ལེའི་རི་བོ་ན་རླུང་གིས་འཁུར། ཡིན་ནའང་ཉིན་འགའི་རྗེས་ནས་ཟ་ལེ་རྒྱལ་གྱིས་ཨ་ཨ་དྲོས་འཁྱག་ལ་སོང་ནས་ཅུང་ཙམ་མ་གཏོགས་ཤི་ཟིན་ཟེར་བཞིན་ཡང་བསྐྱར་མྱི་རྐྱང་ཐོག་ཁར་བསླེབས་ཀྱང་མྱི་རྐྱང་ཚོ་དེ་ལ་ཡིད་མ་ཆེས་བར་རྫུན་བསྒྲིག་དགོས་བ་མ་རེད། དེ་ནི་ཟ་ལེ་རྒྱལ་གྱིས་ལས་མ་མྱོང་བ་ཞིག་མ་རེད་ཅེས་གསང་བ་ཞིག་ཤེས་ཡོད་པའི་བརྡ་བསྟན་ཡང་ཟ་ལེ་རྒྱལ་གྱིས་ཇོ་བོ་རི་ལེ་ཟེར་བཞིན་སྙམ་མ་འཆའ་པས་མྱི་རྐྱང་ཚོའི་རྣམ་རྟོག་སངས།


མྱི་རྐྱང་ཚོའི་ནང་ན་སྨྱུ་གུ་འཛིན་མི་ཤེས་བའི་མྱི་རྐྱང་ཡང་འགའ་རེ་ཡོད་མོད་ཡིན་ནའང་ཚང་མར་སྨྱུག་མིང་ལྟ་བུའི་གསང་མིང་རེ་ཡོད། དེ་ནི་སྐྱ་བྷ། བྷ་ལོ། པ་ཅེ། ཨ་མྱེ། མྱི་ལྡང་། ཟ་ལེ་རྒྱལ། སོགས་ཡིན་ལ་དེ་རིང་ཕལ་ཆེར་མྱི་རྐྱང་ཚང་མ་འཛོམས་ཡོད་པར་བལྟས་ན་མྱི་རྐྱང་ཚོའི་གཅིག་གི་ཆང་སའམ་སྐྱེས་སྐར་ལོས་ཡིན་འདོད། མྱི་རྐྱང་ཚོས་ལྷན་པ་དགུ་བརྩེགས་ཀྱི་གོན་པ་རེ་གོན་ཏེ་ནམ་རྒྱུན་བཞིན་ཁྱི་བཤད་རྒྱབ་ནས་བསྡད་འདུག ཅུང་ཙམ་ནས་སྟག་མོ་སྐྱིད་ཀྱང་འབྱོར་སོང་། ཐོག་མར་མོས་མྱི་རྐྱང་ཚོར་བཀྲ་ཤིས་བདེ་ལེགས་ཙམ་ཡང་མི་ཟེར་པར་ཐད་ཀར་ཟ་ལེ་རྒྱལ་གྱི་སར་སོང་ནས་ཁྱོད་དེ་རིང་ཇེ་དགར་ཅུང་ཙམ་སོང་འདུག་གམ་ཟེར་བཞིན་ཁོའི་གམ་དུ་བསྡད། མྱི་རྐྱང་ཚོ་ཅུང་ཙམ་ཡ་མཚར་ནས་མོའི་སྐད་ཆ་དང་རྣམ་འགྱུར་ལ་དོ་སྣང་བྱས། མོའི་ལག་ལ་སེང་ཆེན་གྱི་བརྩམས་སྒྲུང་རིང་མོ་ཁ་སྒང་གཅོད་པ་ཐར་ཞེས་བ་དེ་བཟུང་འདུག སྐྱ་བྷས་སྐད་ཆ་བཤད་སྐབས་མིའི་རྣམ་འགྱུར་ལ་བལྟ་མི་ཤེས་བར་སེམས་ལ་དྲན་ཚད་ཁ་ནས་ཤོར་འགྲོ་བས་ཁོས་ཧ་ཧ་ད་ཡིན་ན་སེང་ཆེན་ལ་ཆུང་མ་ཞིག་རེག་འདུག་ཅེས་པས་སྟག་མོ་སྐྱིད་ཧད་སེ་བཏང་། མོས་སེང་ཆེན་སུ་ཡིན་མ་ཤེས་བས་ཡར་ལྟ་མར་ལྟ་བྱེད། མྱི་རྐྱང་ཚོས་ཟ་ལེ་རྒྱལ་ལ་བལྟས་ཏེ་གད་མོ་བགད་པས་ཁོ་དོག་མ་བདེ་བར་ཁྱི་བཤད་མ་བྱེད་ཟེར་བཞིན་ངོ་མདངས་དམར་པོར་གྱུར་ཏེ་ཁོ་རང་སེང་ཆེན་ཡིན་པ་ཇེ་གསལ་ལ་བཏང་། དེ་མ་ཐག་ཁོའི་སེམས་ལ་མྱི་རྐྱང་ཐོག་ཁའི་ཟླ་འོད་འོག་སྟག་མོ་སྐྱིད་དང་ཁོ་གཉིས་ཀས་ཕན་ཚུན་ལ་བཤད་པའི་གསང་གཏམ་གྱི་ཟུར་ཞིག་དྲན།


ཨ་ལ། དྲང་མོར་བཤད་ན་ངའི་འདས་ཟིན་པའི་འཚོ་བའི་ནང་ན་བཤད་རན་ཅན་ཞིག་མེད། ད་དེ་མི་བཤད། ཡིན་ནའང་ངས་སྒྲུང་རྩོམ་མང་པོ་བཀླགས་མྱོང་བ་མ་ཟད་སྒྲུང་རྩོམ་ཁ་ཤས་ཀྱི་གཏིང་ཟབ་སར་འགྲོ་མྱོངས། སེང་ཆེན་གྱི་སྨྱུག་རྩེ་ནས་ང་ལ་མནར་གཅོད་ཐེངས་མང་ཐེབས་མྱོང་ལ་ཁོང་གི་བརྩམས་སྒྲུང་ཁ་སྒང་གཅོད་པ་ཐར་གྱིས་ངའི་སེམས་པར་རྨ་ཁ་ཆེན་པོ་ཞིག་བཟོས་ཟིན་པས་ངས་བརྩམས་སྒྲུང་དེའི་མཇུག་ཀློག་མ་འདོད་པར་ཕྱེད་ཀ་ཙམ་བཀླགས་རྗེས་མཚམས་བཞག་པ་ཡིན། ད་ནི་ངས་སྒྲུང་རྩོམ་དེའི་རྩོམ་པོ་སེང་ཆེན་ལ་ཐད་ཀར་སྐད་ཆ་འགའ་བཤད་ན་འདོད་པས་ཁོ་ལ་ཨེ་ཐུག་གི་རེ་བ་ཡོད་ཅེས་པས་ཟ་ལེ་རྒྱལ་གྱིས་སེང་ཆེན་ང་ཡིན་ཞེས་སྐབས་ཐོག་དེར་ཐད་ཀར་བཤད་རྒྱུར་མ་བདེ་བར་སེང་ཆེན་གྱི་དེབ་དེ་ང་ལ་ཡོད། ཁྱོད་ཀྱིས་སྒྲུང་དེའི་མཇུག་ཀློགས་དང་སེང་ཆེན་ནི་ཐུག་མི་ཐུབ་པའི་མྱི་ཞིག་མ་རེད། ཁྱོད་དང་ང་ལྟ་བུའི་མི་རྐྱང་སྡོམ་པོ་ཞིག་རེད།

སྟག་མོ་སྐྱིད་ཀྱིས་ཟ་ལེ་རྒྱལ་གྱི་གདོང་ལ་ལྟ་ཙམ་བྱས་ནས་གད་མོ་དང་བཅས་ངས་ཁྱོད་ཀྱི་སྒྲུང་རྩོམ་བཀླགས་ཟར། འུ་གཉིས་ལ་ཁ་བརྡ་ཞིག་ཡོད། ཁ་བརྡ་མང་པོ་ཞིག་ཡོད་ཅེས་ཀུ་རེ་དང་བདེན་པ་ཅི་ཡིན་མི་ཤེས་བའི་ཚིག་འགའ་བཤད། མྱི་རྐྱང་ཚོས་མགོ་སེར་མ་ཞིག་གི་གདོང་ལ་ཅེར་ནས་ནམ་རྒྱུན་བཞིན་ཁྱི་བཤད་བྱེད་བཞིན་འདུག ཟ་ལེ་རྒྱལ་གྱིས་འཛུམ་མདངས་དང་བཅས་ངས་ཁྱོད་ལ་དགོངས་དག་ཅིག་སྔ་མོ་ནས་ཞུ ཁ་བརྡ་འཕྲོ་མ་རྣམས་ཁོམས་སྐབས་ཤིག་ལ་བཤད་ཟེར།


ངས་ཚོད་དཔག་བྱས་བ་ནོར་མི་འདུག དེ་རིང་ཡང་མྱི་རྐྱང་སྐྱ་བྷའི་སྐྱེས་སྐར་རེད། ཁོ་ཚོ་མགོ་སེར་མ་གསར་བ་རེར་ཐུག་ན་སྐྱེས་སྐར་གསར་བ་རེ་ཡོད་ལ་དེ་ནི་སྐབས་འཚོལ་བ་ཚོའི་གོ་སྐབས་ཡག་ཤོས་ཀྱང་ཡིན། གང་ལྟར་སྐྱེས་སྐར་རྫུན་མའི་མཛད་སྒོའི་སྟེང་ན་མྱི་རྐྱང་ཚོ་ཆང་གིས་བཟི་ཞིང་རང་ཉིད་ལ་དབང་བའི་འཇིག་རྟེན་དེ་རུ་གང་འདོད་བཞིན་བསྡད་འདུག ཆང་མཉམ་འཐུང་དང་ཉུང་འཐུང་། གཏམ་མཉམ་བཤད་དང་ཉུང་བཤད་ཀྱིས་རང་གིས་རང་ལ་ཉམས་འཇོག་བྱེད་བཞིན་པ་ནི་སྟག་མོ་སྐྱིད་དང་ཟ་ལེ་རྒྱལ་གཉིས་རེད། ད་ནི་སྟག་མོ་སྐྱིད་ཀྱིས་སེང་ཆེན་སུ་ཡིན་གསལ་བོར་ཤེས་ཡོད་ལ་ཟ་ལེ་རྒྱལ་གྱིས་ཀྱང་སྟག་མོ་སྐྱིད་ཀྱི་དམིགས་ཡུལ་རབ་རིབ་ཙམ་ཤེས་ཡོད། 

  • loading