བླ་མའི་སྲས་མོར་འོས་བའི་ཁྱོ་ཀ་མེད། ཅ།
དགོང་མོ་དེར་མི་ཚང་མ་ཇི་ལྟར་གྲོལ་བ་མ་ཤེས་མོད་གང་ལྟར་ཚང་མས་མཚན་གཅིག་གི་དམིགས་ཡུལ་ཐུང་ཐུང་དེ་དོར་མེད། ལྷག་པར་དུ་སྟག་མོ་སྐྱིད་ཀྱིས་ཆང་མང་བོ་འཐུང་མེད་པའི་ཁར་ཟ་ལེ་རྒྱལ་ལའང་ཆང་མང་པོ་འཐུང་དུ་བཅུག་མེད།
‘’ད་ཆོག་གི མང་པོ་མ་འཐུང་། སེམས་ཁམས་ཇེ་དྭངས་ལ་སོང་ནས་རང་གི་སེམས་གཏམ་དེ་བཤད་ཐུབ་པའི་དུས་སུ་ངས་ཚད་འཛིན་ན་འདོད། ཆང་གིས་བཟི་དྲག་ནས་མཚམས་ལན་རེར་རང་གི་ཡིད་ལ་ཤར་མ་མྱོང་བའི་སྐད་ཆའང་བཤད་མྱོང་ཡོད་པས། དང་སྐབས་མི་མང་པོ་འཛོམས་སར་ངས་ཆང་ཚོད་མེད་འཐུང་གི་མེད’’དེ་ནི་ཞེ་སྡང་འཚོའམ་སྟག་མོ་སྐྱིད་ཀྱི་སྐད་ཆ་རེད། ཡིན་ནའང་ཟ་ལེ་རྒྱལ་གྱི་སེམས་ན་དམིགས་ཡུལ་གཉིས་ཡོད་ལ་གཅིག་ནི་སྟག་མོ་སྐྱིད་ཀྱིས་བརྩམས་སྒྲུང་རིང་མོ་༼ཁ་སྒང་གཅོད་པ་ཐར་༽གྱི་རྩོམ་པ་པོ་སེང་ཆེན་འཚོལ་དོན་ཅི་ཡིན་ཤེས་འདོད་པ་དེ་དང་གཞན་ཞིག་ནི་ཟ་ལེ་རྒྱལ་གཞན་པ་ཚོ་དང་སྤྱི་མཚུངས་བཞིན་དེ་དགོང་མཆིན་པ་གླན་ས་ཞིག་རེག་གི་ཡོད་མེད་དེ་རེད། ཁོང་གི་དམིགས་ཡུལ་དེ་གཉིས་འགྲུབ་དགོས་ན་སྟག་མོ་སྐྱིད་ལ་ཆང་ཅུང་ཙམ་དྲངས་དགོས་བ་ཁོའི་སེམས་ལ་ཁྲ་ལེམ་མེར་ཤར་ཡོད།
ཟ་ལེ་རྒྱལ་ཅུང་ཙམ་བཟི་ཡོད་ནའང་ཁོང་གི་སྐད་ཆའི་སྨྲ་དག་ཅིང་འབྲི་གསལ། ཁོས་ལག་ནས་དཔེ་དེབ་ཞིག་ཕར་སློག་ཚུར་སློག་བྱེད་བཞིན། ‘‘ད་དུང་བཟི་མི་འདུག་པས་ང་ལ་འཐུང་རོགས་ཅུང་ཙམ་བྱོས། བཟང་ན་ངན་ན་འུ་གཉིས་ཀ་བོད་པ་ཡིན་པས་ངས་ཁྱོད་ལ་ཁྲེལ་མེད་བྱེད་ཀི་མ་རེད། དྲང་མོར་བཤད་ན་ངས་ཁྱོད་ལ་སྐད་ཆ་འགའ་སེམས་གཏམ་གྱི་ཚུལ་དུ་བཤད་ན་འདོད་མོད། འུ་གཉིས་ཀས་ཕན་ཚུན་ངོ་ཤེས་སྟངས་དེ་ཅུང་ཙམ་མ་འདྲ་བ་ཞིག་ཡིན་པས། ངས་ད་ལྟའི་བར་ཏུ་ཁྱོད་ལ་དྲང་ཐད་ནས་སྐད་ཆ་བཤད་མ་ཐུབ། ཡིན་ནའང་ངས་ཚེ་ཐོག་འདིར་རང་གི་སེམས་གཏམ་ངོ་མ་དེ་མི་གཅིག་ལ་མ་གཏོགས་བཤད་ཀྱི་མིན་ལ། མི་དེ་ནི་མི་ནོར་བའི་རེ་བའང་བྱེད་ཀྱིན་ཡོད། མིའི་བརྩེ་བ་ངོ་མ་དེ་ཕན་ཚུན་ལ་ཡིད་ཆེས་བྱེད་མིན་དེ་ལས་ཤེས་ཀྱི་ཡོད་ལ། ཡིད་ཆེས་ཡོད་མིན་དེ་སེམས་གཏམ་དང་གསང་གཏམ་བཤད་ཐུབ་མིན་དེ་ནས་ཤེས་ཐུབ་ཞེས་བས’’སྟག་མོ་སྐྱིད་ཀྱིས་ཝུ་ཆང་དམ་བུ་ཞིག་མགོ་གཡོན་རྗེས། ཟ་ལེ་རྒྱལ་གྱི་ཉེ་སར་ཅུང་ཙམ་ནུར་ནས། ‘‘ངའི་སྐད་ཆ་འདི་བརྩེ་བ་ལས་གྲུབ་པའི་སྐད་ཆ་ཞིག་ཡིན་མིན་མི་ཤེས་མོད། མྱི་སྐད་བཤད་ན་ཚང་མ་མྱི་ཡིན་པའི་གནས་ལུགས་དེ་ངས་ཤེས་ཀྱི་ཡོད། སྐད་ཆ་འགའ་ངས་ཁྱོད་ལ་དྲང་མོར་བཤད། དང་པོར་ངས་ཁྱོད་རང་སེང་ཆེན་ཡིན་པ་མི་ཤེས་ནའང་ཕར་བལྟས་ཚོད་ཀྱིས་ཁ་བརྡ་ཞིག་བྱེད་འདོད་སྐྱེས་སོང་། དེ་ཙམ་ཡིན། ཡིན་ནའང་ཁྱོད་ཀྱིས་ང་ལ་རང་གི་སེམས་པ་ངོ་མ་དེ་བསྟོན་འདོད་ན་ད་དུང་ང་ལ་རྒྱུས་ལོན་བྱོས། རྗེས་སུ་འགྱོད་པ་མེད་ན་ཡག་གི་རེད། ངས་ཁྱོད་ཀྱི་བརྩམས་ཆོས་ཁྲོད་ནས་ཁྱོད་ལ་རྒྱུས་ལོན་གང་འཚམས་བྱས་ཡོད་པ་མ་ཟད། ཉིན་འདི་དག་གི་རིང་ལ་ངས་ཆེད་དུ་ཁྱོད་ལ་ཉམས་འཇོག་བྱས་བ་ཡིན་ལ་ངས་བསམ་བློ་ཡང་བཏང་ཡོད’’ཅེས་པས། ཟ་ལེ་རྒྱལ་གྱིས་སེམས་ལ་དྲི་རྟགས་མང་པོ་གཅིག་ཐོག་གཅིག་བཞག་བྱས། ཁོ་རང་འདང་རྒྱག་ཅིག་གི་ནང་ལ་ལྷུང་བའི་རྣམ་པ་དེར་སྟག་མོ་སྐྱིད་ཅུང་ཙམ་མ་བདེ་བར་གྱུར་ནས་ཁ་བརྡའི་ཁ་ཕྱོགས་བསྒྱུར།
‘‘ཁྱོད་ལ་འདུག་ས་གཏན་འཁེལ་ཞིག་མེད་དམ’’
‘‘ཡོད་པ་མ་རེད། དེ་བས་ངའི་མིང་ལ་ཟ་ལེ་རྒྱལ་བཏགས་པ་རེད། ང་ལའང་འདུག་ས་གཏན་འཁེལ་ཞིག་ཡོད་ན་མི་ཚང་མས་ངའི་མིང་ལ་སེང་ཆེན་ཟེར་གྱི་རེད། དྲང་མོར་བཤད་ན་ང་ལ་ཟ་ལེ་རྒྱལ་ཞེས་བ་ཙམ་གྱིས་ཕམ་གྱིན་མེད་ལ་སེང་ཆེན་ཞེས་བ་ཙམ་གྱིས་དགའ་སྤྲོའང་མེད་མོད། མི་ཞིག་གིས་ང་རང་གི་རྩོམ་ཡིག་བཀླགས་པའི་ཚོར་བ་དེའི་སྟེང་ནས་ང་འདི་ལྟར་བཙལ་ཡོང་ན་ང་ལ་ངོ་མ་བཤད་མི་ཤེས་བའི་ཚོར་བ་ཞིག་འདུག ཁྱོད་ལ་སྐད་ཆ་ཡག་བརྩོག་ཅི་ཞིག་ཡོད་ཀྱང་ང་ལ་བཤད་ཆོག མི་ཚེ་འདིར་ངས་མི་ཁར་འཛེམ་ནས་མི་ལོ་མང་བོ་ཞིག་འཕྲོ་བརླག་ལ་ཕྱིན་སོང་བས། དེའི་ན་ཟུག་མ་བཟོད་པར་ད་ནི་མིས་ངན་བཤད་བྱས་ཀྱང་ངས་དེ་ལ་དོ་སྣང་བྱེད་ཀྱིན་མེད’’
‘‘་་་་་་་་་་་་་་་་’’
‘‘་་་་་་་་་་་་་་་་’’
‘‘་་་་་་་་་་་་་་་་’’
‘‘ངས་ཁྱོད་རང་དང་པོར་མཐོང་བའི་དུས་ཀྱི་ཚོར་བ་དང་དམིགས་ཡུལ་དེ་དེ་རིང་གི་ཁ་བརྡའི་ཁྲོད་ནས་ཡོད་ཚད་འགྱུར་ཟིན་པས་ངས་ང་རང་ངོ་མ་དེ་ཁྱོད་ལ་བསྟན་ཡོད། ཡིན་ནའང་ང་ལ་གསང་གཏམ་གཅིག་ལས་མེད་ལ། ངའི་གསང་གཏམ་དེ་ད་དུང་སུ་ལའང་བཤད་ཀྱི་མིན། དེ་ནི་སུ་ཞིག་གིས་ངའི་མི་ཚེ་ཡི་བདེ་སྡུག་ཚང་མ་མཉམ་ཁུར་བྱེད་ཐུབ་པའི་ཡིད་ཆེས་བརྙེད་ན་དེ་གཅིག་པུར་བཤད་ཀྱི་ཡིན།’’
‘‘ཡོད་ཚད་ལ་འགྲེལ་བཤད་དགོས་བ་མ་རེད། ཁྱོད་ཀྱི་གསང་གཏམ་དེ་ང་ལ་བཤད་འདོད་ན་དང་པོ་ང་རང་ངོ་ཤེས་དགོས་བས་ཁྱོད་ཀྱིས་ང་ལ་ཞིབ་འཇུག་བྱོས། སང་ཉིན་སང་ཉིན་རེད།་དེ་རིང་དེ་རིང་རེད། ནམ་མཁའི་བྱའི་ཕོ་མོ་མི་ཤེས་ཀྱང་། མགོ་ནག་མིའི་རྣམ་འགྱུར་ཤེས་ཀྱིན་ཡོད། འགྲོ། ངའི་ནང་ལ་འགྲོ། ཁ་གསལ་ན་གོ་བདེ།’’
དེ་རིང་གི་ཉི་མོ་འདི་ནམ་རྒྱུན་དང་མི་འདྲ་བར་རང་ཉིད་ལ་དབང་བའི་ཉིན་མོ་ཞིག་ཡིན། ཚང་མ་དལ་འཇེགས་སེ་འདུག སྔས་མགོ་ན་ད་དུང་ལོ་ངོ་དུ་མར་སེམས་ལའང་དྲན་མ་མྱོང་བའི་འོ་ཇ་དཀར་ཡོལ་གང་ལག་པ་གཉིས་ཀས་བཀྱག་ནས་ངག་འཇམ་པོས་ལང་བརྡ་རྒྱག
‘‘ཝེ། ད་ལོངས། ནང་ཆུ་འཐུང་། མགོ་ཨེ་ན་གི’’
‘‘ཨ་ཨ་ཨ། མགོ་མི་ན་གི ངའི་རྐང་སྣམ་གང་ན་འདུག’’
དྲུག
འདོན་སྤེལ།: ༢༠༡༠/༠༡/༢༣
