བླ་མའི་སྲས་མོར་འོས་བའི་ཁྱོ་ཀ་མེད།
ཇ།
སྡར་མ་ཟ་ལེའི་རི་ངོགས་ནས་འཛམ་གླིང་གི་གསར་འགྱུར་མི་གོ་ནའང་ཁྱིམ་མཚེས་གཡས་གཡོན་གྱི་གསར་འགྱུར་དུས་ཐོག་ཏུ་གོ་ཐུབ། མི་ལ་ལས་བཤད་ན་སྟག་མོ་སྐྱིད་ཀྱིས་ཟ་ལེ་རྒྱལ་གྱི་ཕོ་ཉམས་ལ་བལྟས་བས་རེད་ཟེར་ལ་ཡང་མི་ཁ་ཤོས་ཀྱིས་མོ་ལ་དོན་དག་གཞན་ཞིག་ཡོད་པ་རེད་ཟེར། གང་ལྟར་མི་ཚང་མ་ཁ་མི་མཚུངས་ནའང་ཁོ་གཉིས་ལ་གནས་སྐབས་སུ་གཅིག་མཐུན་གྱི་འཚོ་བ་ཞིག་ཡོད།
ཟ་ལེ་རྒྱལ་གྱིས་བླ་རྫུན་ཚོ་དང་གྲྭ་རྫུན་ཚོར་ཁ་བཏང་མྱོང་བ་དེ་ཁོ་ན་རྒྱ་མཚན་དུ་བྱས་ནས་ཁོ་ལ་ཆོས་དད་མེད་ཟེར་བའི་བཤད་རྒྱུན་ཞིག་ཡོད་ནའང་ཁོས་སྟོན་པ་བཅོམ་ལྡན་འདས་དང་དེའི་བསྟན་པར་ཁ་བཏང་བའི་ལོ་རྒྱུས་སུས་ཀྱང་གོ་མྱོང་མེད། སྐྱེ་དགུ་མདོའི་གཞི་བདག་ཚོས་སྐྱག་པ་ཟོ་ཞེས་བའི་རྩོམ་ཡིག་ཅིག་བྲིས་བ་དེར་དཀོན་མཆོག་གསུམ་ལས་གཞི་བདག་གཙོ་བོར་བཀུར་བའི་དུས་རབས་གསར་བའི་ནང་བ་སངས་རྒྱས་བ་སྐོར་ཞིག་གིས་དམོད་པ་བཏང་ཞིང་དེའི་ཕྱོགས་སུ་གཏོགས་པའི་ལྟ་བ་དང་གྲུབ་མཐའ་མེད་པའི་ཆོས་ལུགས་བ་འགའ་འུར་ལངས་ནས་ཟ་ལེ་རྒྱལ་རེ་ཞིག་ལ་གྲགས་མེད་སེ་བཏང་ཞིང་དེ་ནས་ཅུང་མ་འགོར་བར་གླིང་དཀར་སྟོད་ཀྱི་དཔའ་བོ་མདུང་བཟུང་འགའི་རྣམ་ཤེས་དང་མཁའ་འགྲོ་མ་འགའི་སྤྲུལ་བ་མཉམ་དུ་འཛོམས་ནས་ཁོ་རང་སྒྱུ་རྩལ་རྩོམ་རིག་གི་ཀློངས་ནས་ཁྱི་དང་སྤྱང་ཀི་འཕྲད་པ་བཞིན་ཕར་འདེད་ཚུར་འདེད་ཡུན་རིང་བྱས། ཡིན་ནའང་ཁོས་ནམ་ཡང་མཆོག་གསུམ་དང་གཞི་བདག་གི་ཁྱད་པར་ཤེས་ཤིང་བླ་མ་དང་བླ་རྫུན་གྱི་དབྱེ་བ་ཤེས་བའི་སྒོ་ནས་དད་པ་དང་ཚོར་བ་མ་འདྲེས་བར་རང་གི་བསམ་ཚུལ་བཤད་བཞིན་ཡོད་ལ། དེ་ནི་སྟག་མོ་སྐྱིད་ཀྱི་སྒེར་ཚུག་བསམ་བློ་ལ་བརྩེ་བ་འཕར་མ་ཞིག་གི་སྣོན་པར་གྱུར་ཡོད།
ནམ་གསལ་ནས་ཡུན་རིང་འགོར། ཟ་ལེ་རྒྱལ་གཉིད་ལས་སད་ནའང་མལ་སའི་ནང་ནས་ཕར་འཁོར་ཚུར་འཁོར་གྱིས་དུས་ཚོད་གཅིག་ཙམ་འགོར། དེ་ནས་ཁོ་ག་ལེར་ཡར་ལང་ནས་ཚུག་ཇ་ཞིག་བཟོས་ནས་འཐུང་བཞིན་མདང་དགོང་གི་ལབ་གླེང་དེ་དག་ལ་བསམ་བློ་བཏང་། བུ་མོ་མང་བོར་ཐུག་མྱོང་། སྐད་ཆ་སྣ་ཚོགས་བཤད་མྱོང་ལ་གོའང་མྱོང་། བུ་མོ་མཛེས་མ་ཚོའི་ངག་ནས་སྐད་ཆ་རིན་ཐང་ཅན་ཞིག་ཕལ་ཆེར་གོ་མ་མྱོང་ཞེས་བཤད་ཀྱང་ཆོག ཡིན་ནའང་མོས་མདང་དགོང་བཤད་པའི་སྐད་ཆ་དེ་དག་དང་མོའི་ནང་གི་དཔེ་ཆ་འདི་དག་ལ་བལྟས་ན་མོ་ལ་མིའི་རིགས་ཀྱི་བསམ་བློའི་རྒྱུན་ཤེས་དང་སྤྱི་ཚོགས་འཚོ་བར་རྒྱུས་ལོན་བྱས་བའི་ཚད་གཞི་ཧ་ཅང་མཐོ། མི་ཚེ་གང་བོར་བུ་མོ་འདི་འདྲ་ཞིག་གི་མཉམ་དུ་བསྡད་ཚེ་ཁོ་མོ་ངའི་ཟ་རོགས་འཐུང་རོགས་དང་ངའི་བུ་ཕྲུག་གི་ཨ་མ་ཙམ་མ་ཡིན་པར་བསམ་བློ་བརྗེ་རེས་དང་ཚད་གཞི་ལྡན་པའི་སྒང་ནས་ཕན་ཚུན་ལ་ཁ་བརྡ་བྱེད་ཆོག་པས་འདི་ནི་མི་ཚེ་གང་གི་བདེ་སྐྱིད་ཅིག་ཅི་ལ་མིན་ཞེས་ཁུང་འཛུམ་ཤོར།
སྟག་མོ་སྐྱིད་ཀྱི་སྔུར་སྒྲ་དང་འགུལ་སྐྱོད་མེད་པའི་རྣམ་པ་དེར་བལྟས་ན་མོ་རང་གཉིད་དུ་ཡུར་ནས་ཡུན་རིང་འགོར་མེད་པ་ཤེས་ཐུབ་མོད། མདང་དགོང་གི་ཁ་བརྡའི་ཕྲོད་ཀྱི་སྤྲོ་བ་གང་ཞིག་གིས་མོའི་རྨི་ལམ་འཁྲུགས་ཏེ་གཉིད་མ་ཐུབ་པ་སུས་ཤེས།
‘‘ཝེ། ཝེ། སྟག་མོ་སྐྱིད། ད་ལོངས། དུས་ཚོད་གཉིས་བ་ཡོལ་འདུག ཁྱོད་ཀྱིས་ཚུག་ཇ་འཐུང་ངམ།’’
‘‘ཨུན། ཨ་ཕ་ལོ་ལོ། ང་ད་དུང་ཅུང་ཙམ་གཉིད་ཀྱི་ཡིན། མདང་དགོང་ང་ལ་གཉིད་མ་ཁུག་པར་ཁྱོད་རང་གཉིད་ནས་ཡུན་རིང་བོར་ང་གཉིད་མེད།’’
ཟ་ལེ་རྒྱལ་གྱིས་སྟག་མོ་སྐྱིད་ཀྱི་ཧ་ཅང་དཀར་ཞིང་ནེམ་ཤ་དོད་པའི་བརླ་གཡས་བ་ཉལ་ཆོས་ཀྱི་ཕྱི་ལ་བཏོན་ནས་གཉིད་པའི་ངང་ཚུལ་དེ་མཐོང་ནས་ཅི་ཞིག་གིས་ཡིད་མགུ་བ་བཞིན་སེར་སྣ་དང་བཅས་བརླ་ཐོག་ལ་བྱིལ་བྱིལ་འགའ་བྱས་རྗེས། ཁ་སང་གི་རྩོམ་འཕྲོ་སྟེ་སྒོར་དུང་ཕྱུར་ཅན་ལ་ཕྱག་འཚལ་ལོ་ཞེས་བ་དེའི་རྩོམ་མཇུག་བསྐྱངས། དེ་རིང་གི་གནམ་གཤིས་མི་དྭངས་ཤིང་ཆར་བ་སམ་སིམ་འབབ་བཞིན་པ་དེས་ཁོ་རང་ཕྱི་རོལ་ལ་འགྲོ་བའི་འདུན་པའང་མེད་པར་བྱས། སྟག་མོ་སྐྱིད་ཀྱི་སྔུར་སྒྲ་ཡང་མོ་དེས་ཁོའི་ཁུ་སིམ་པའི་ཁོར་ཡུག་ལ་ཅི་ཡང་མི་གནོད་པ་མ་ཟད་ཁེར་འདུག་གི་སུན་སྣང་འཕྲོག་པས། ཁོའི་སེམས་ལ་རྩོག་ཡིག་གི་སྤྱི་ཁོག་ཚང་མ་གསལ་ལེར་ཤར་ཏེ་སྨྱུག་ཁ་འགུལ་རྒྱུའི་ལས་ཁོ་ན་ལས་མེད་པས། ཁོས་རྣམ་ཤེས་གཏད་ནས་འབྲི་ཅི་ཐུབ་བྱས་པས་དགོང་མོའི་དུས་ཚོད་བདུན་པར་ཇི་ལྟར་བསླེབས་པའང་མ་ཤེས།
སྟག་མོ་སྐྱིད་ཀྱིས་ཉལ་སའི་ནང་ནས་མིག་ཕྱི་བཞིན་ཟ་ལེ་རྒྱལ་གྱིས་རྣམ་ཤེས་གཏད་ནས་ཅི་ཞིག་འབྲི་བཞིན་པ་དེར་ཞིབ་ལྟ་ཞིག་བྱས་རྗེས་ག་ལེར་ཡར་ལངས་ནས་དམར་ཧྲེང་ངེར་གསང་སྤྱོད་དུ་འཛུལ་སོང་། ཟ་ལེ་རྒྱལ་གྱིས་འབྲི་མཚམས་བཞག་ནས་ཚུག་ཇ་ཞིག་བཟོ་བཞིན་བསམ་བློ་བཏང་། ནུ་མ་དང་མཚན་མ་གཉིས་རང་གི་ཁྱོ་ཀར་ཡང་མི་སྟོན་པའི་བོད་མི་རིགས་ཀྱི་ཡ་མཚན་མེད་པའི་ཡ་རབས་ཀྱི་སྤྱོད་པ་དེས་མི་མང་བོར་བསམ་བློའི་བཀག་རྒྱ་ཞིག་བཟོས་ཡོད་ནའང་སྟག་མོ་སྐྱིད་བསམ་བློ་བཀག་རྒྱ་དེ་ནས་ཐར་འདུག་པ་འདིས་མོས་དཔེ་དེབ་མང་པོ་བཀླགས་ཤིང་རང་གི་བློ་རྒྱ་ཇེ་ཡངས་སུ་བཏང་ཡོད་པའི་རྟགས་སུ་མཐོང་།
ཁོ་གཉིས་ཀས་ཚུག་ཇ་འཐུང་བཞིན་རང་རང་ས་ནས་ཅི་ཞིག་ལ་བསམ་བློ་བཏང་ཡང་། ཁོ་གཉིས་ལ་གཅིག་མཐུན་གྱི་གླེང་གཞི་ཞིག་མེད་པར་ཡུན་རིང་འགོར། དེ་ནི་ཁོ་གཉིས་ཀའི་རྨི་ལམ་གྱི་ཁ་ཕྱོགས་མི་གཅིག་པས་ཡིན། ཟ་ལེ་རྒྱལ་གྱིས་རང་གི་གསང་བ་དེ་མོ་ལ་བཤད་འདོད་ནའང་ད་དུང་བཤད་མ་ཐུབ་པར་ཡོད་ལ་སྟག་མོ་སྐྱིད་ཀྱིས་རང་གི་གསང་བ་ངོ་མ་དེ་བཤད་འདོད་མེད་པར་ཟ་ལེ་རྒྱལ་གྱི་གློ་དང་མཆིན་པའི་འདུག་སྟངས་ནས་རྒྱུ་མ་དང་ལུང་ཀའི་འཁྱུལ་སྟངས་ཚང་མ་རང་གི་ལག་མགོར་དཀྲི་འདོད་པ་དེ་ཡིན། ཡིན་ནའང་ཁོ་གཉིས་ལ་གཅིག་མཐུན་གྱི་ལྟ་བའང་མང་ཡོད་པ་དེས་ཁྱིམ་གཅིག་ནས་མཉམ་འདུག་བྱེད་རྒྱུར་དཀའ་ངལ་ཅི་ཡང་འཕྲད་ཀྱིན་མེད། ཁོ་གཉིས་ཀའི་སུ་ཡིན་ཡང་འདས་ཟིན་པའི་ལོ་རྒྱུས་བཤད་ཕན་ཚུན་ལ་བཤད་འདོད་མེད་ཅིང་བརྗོད་གཞི་གསར་བ་ཞིག་མ་བརྙེད་པའི་པ་དེས་ཁོ་གཉིས་ཁུམསིམ་མེར་ཡུན་རིང་ལྷག།
‘‘ཁྱོད་ཀྱི་ལག་མགོ་ནས་མི་གཞན་ཞིག་གིས་བཟུང་ནས་སྨྱུག་ཁ་བསྒྱུར་བ་ཡིན་ན་དེ་ལ་ཁྱོད་ཀྱིས་ངེས་ལེན་བྱེད་ཨེ་ཐུབ།’’ དེ་ནི་སྟག་མོ་སྐྱིད་ཀྱི་དྲི་བ་རེད། དྲི་བ་འདིས་ཁོ་གཉིས་ལ་བརྗོད་གཞི་གསར་བ་ཞིག་བྱིན།
‘‘རྩོམ་པ་པོར་སྨྱུ་གུའི་རང་དབང་དགོས་བ་རེད། གལ་ཏེ་སུ་ཤིག་གིས་བཀོད་སྒྲིག་བྱས་བ་བཞིན་འབྲི་དགོས་ཚེ་རྩོམ་པ་པོས་ཚིག་གི་ནུས་བ་ཐོན་ནའང་ཁོ་རང་གི་བསམ་བློའི་སྒྱུ་རྩལ་དེ་བེད་སྤྱོད་བྱེད་ཐུབ་ཀྱི་མ་རེད། ཕོ་ལོ་སུམ་ཅུའི་རིང་ལ་མྱི་རྐྱང་གི་འཚོ་བ་སྤྱད་པ་དེའང་ལྷ་སའི་གཏམ་དཔེ་ལྟར་ཁ་ལ་དཔག་པའི་སོ་ཞིག་མ་རག་པས་ཡིན། དྲང་མོར་བཤད་ན་ངའི་ཚེ་གྲོགས་དེ་ཆགས་པ་སྤྱོད་ས་ཙམ་མ་ཡིན་པར་ངའི་སྐད་ཆའི་དོན་གོ་ཐུབ་ཞིང་ང་ལ་བསམ་བློའི་རྒྱབ་སྐྱོར་བྱེད་མཁན་ཞིག་དགོས་བས་ཡིན། ང་ལ་རང་སྐྱོན་ཆེན་པོ་ཞིག་ཡོད་པ་ནི་ལྟ་བ་མཁྲེགས་ཞེས་བཤད་ན་མི་ཤེས་མོད་ཨུ་ཚུགས་ཚ་བོ་ཞིག་ཡོད་པ་དེ་ཡིན། མི་སུ་ཞིག་གིས་གནས་ལུགས་དང་རྒྱུ་མཚན་མེད་པར་ངའི་བསམ་ཚུལ་གྱི་ལྡོག་ཕྱོགས་ནས་བཤད་ན་དེ་ལ་ངས་ནམ་ཡང་ངོས་ལེན་བྱེད་མི་ཐུབ། དེ་བས་ངས་གང་ཞིག་འབྲི་འདོད་པ་དེ་ང་རང་གི་བསམ་བློ་བཞིན་འབྲི་བ་ལས་གཞན་གྱིས་བཙན་འདེད་བྱས་བ་ཡིན་ན་ཡོང་གི་མ་རེད།’’
ལབ་གླེང་ཞིག་གི་མགོ་འདི་ལྟར་བཙུགས་ནས་བུད་སོང་། ལ་ལས་བཤད་ན་ཉི་མས་ཟླ་བ་བདས་བས་རེད་ཟེར་ལ་ཡང་ལ་ལས་བཤད་ན་ཟླ་བས་ཉི་མ་བདས་བས་རེད་ཟེར། གང་ལྟར་སའི་གོ་ལའི་འཁོར་སྐྱོད་མ་ཚོར་བར་ཉི་ཟླ་གཉིས་འདི་ལྟར་འཁོར་ནས་ཟ་ལེ་རྒྱལ་དང་སྟག་མོ་སྐྱིད་གཉིས་ཀྱི་བརྩེ་བ་སོ་མའི་ཁ་དོག་འགྱུར་ཞིང་ཨ་གསར་གྱི་རྔ་མ་ཡུན་གྱིས་རྫོགས་སོིང་། ཉལ་ས་གཅིག་གིི་ནང་ན་རྨི་ལམ་གྱི་ཁ་ཕྱོགས་མི་གཅིག་པའི་མི་གཉིིས་རྟགས་ཏུ་ཉལ་ནས་བསྡད་ཡོད།
‘‘ཕྲིས། ངས་ཁྱོད་ལ་བཤད་པ་ལྟར་ཕྲིས། ངའི་འདོད་པ་ལྟར་ཕྲིས། ཁྱོད་ངའི་ལག་འོག་གི་རེད། ཁྱོད་རང་གི་མི་ཚེ་འདི་ཇི་ལྟར་འགྲོ་མིན་ངའི་ལག་ན་ཡོད། ཁྱོད་ལ་ངའི་འདོད་པ་ལྟར་འབྲི་འདོད་མེད་ན་དེ་ལྟར་གྱིས། ངས་ཁྱོད་ཀྱི་མི་ཚེ་འདིར་ལམ་ཁ་གཅིག་ཀྱང་མེད་པ་ཞིག་བཟོ་ངེས་ཡིན་པ་མ་ཟད་ཁྱོད་ཀྱིས་བཟོས་ཟིན་པ་ཚང་མའང་མེད་པར་བཟོ་ཡི་ཡིན། ཁྱོད་ཀྱིས་ང་རང་སུ་ཡིན་མིན་ཤེས་ཀྱི་ཨེ་ཡོད། ཨ་ཨ། ཡོད་རྒྱུ་མ་རེད། ང་སུ་རེད། ང་སྟག་མོ་སྐྱིད་རེད། ཁྱོད་སུ་རེད། ངས་ཤེས་ཡོད། ཆ་ཚང་ཤེས་ཡོད། ཁྱོད་ངའི་ལག་ནས་འགུལ་ས་གཅིག་ཀྱང་ཡོད་པ་མ་རེད། གལ་ཏེ་ཁྱོད་ངའི་ལག་ནས་ཐར་ཡང་སྤྱི་ཚོགས་འདི་ནས་ཐར་གི་མ་རེད། ང་སུ་རེད། ད་མི་བཤད། དེ་བས་ཁྱོད་ཀྱིས་ངས་བཤད་པ་བཞིན་ཕྲིས། བྲིས་ཚར་རྗེས་འུ་གཉིས་ལ་བཤད་རྒྱུ་དང་རྩོད་རྒྱུ་ཅི་ཡང་མེད། ངས་ཁྱོད་རང་ཁྱོད་ཀྱི་ལམ་ཁར་འགྲོ་རུ་འཇུག’’
ཟ་ལེ་རྒྱལ་གྱིས་ཁ་ཅི་ཡང་མ་གྲགས་པར་རང་གི་ཉལ་སར་ལོག་ནས་བསམ་བློ་བཏང་། བསམ་བློ་གཏོང་གིན་གཏོང་གིན་ཁོ་རང་གཉིད་དུ་ཡུར།
‘‘ངའི་ཕ་མ་གཉིས་ཀ་བསད་ནས་ཁྲག་འཐུང་ནོ། ཁྱོད་གཅིག་པུར་མ་གཏོགས་སུ་ལའང་བཤད་མ་མྱོང་། ངས་དྲང་མོར་བཤད་ན་འདི་ནི་ཁྱོད་ལའང་ངེས་བར་དུ་བཤད་དགོས་བ་ཞིག་མིན་ནའང་མི་ཚེ་གཅིག་གི་འཚོ་བ་མཉམ་དུ་རོལ་ན་ཕན་ཚུན་ལ་གསང་བ་བྱེད་དགོས་དོན་མི་འདུག་བསམ། དགོང་མོ་དེར་ཆང་འཐུང་འགའི་མཉམ་དུ་རང་ཚུགས་མ་ཐུབ་པར་ངའི་མི་ཚེ་ལ་ནག་ཐིག་ཆེན་པོ་ཞིག་ཕབས། དེའང་་་་་་་་’’
འདོན་སྤེལ།: ༢༠༡༠/༠༨/༢༨
