རྩོམ་པ་པོ་དང་ཁོའི་ཆུང་མ།
ཆུང་མ་ལྷ་མཚོས་གན་བྱོས་དང་འདི་བྱོས་ཞེས་རྒད་པོར་བཀོལ་འདེམས་བྱེད་པ་རྒྱུན་ལྡན་ཡིན་ལ། རྒད་ཕོས་མོས་ཅི་བཤད་ལ་མི་ཐུབ། མི་ཐུབ་ཟེར་བའང་རྒྱུན་ལྡན་ཡིན། དྲང་མོར་བཤད་ན་རྒད་པོར་ཁག་མེད་ལ་རྒན་མོར་ཡང་ཁག་མེད། རྒན་མོའི་མིག་ལམ་ན་རྒད་པོས་ཁྱིམ་ལས་ཅི་ཡང་མི་བྱེད་པར་རྟག་པར་རང་བསྡད་ཡིན་མོད། དོན་ཀྱིས་རྒད་པོས་ཀྱང་སྒྲུང་རྩོམ་ཞིག་གི་སྒྲིག་གཞི་ལ་བསམ་བློ་གཏོང་གི་ཡོད།
མཚམས་རེར་རྒན་མོས་ཁ་འགུལ་ཙམ་བྱས་བ་དང་རྒད་པོས་ལས་བཅོལ་ཞིག་བྱེད་རྒྱུ་ཡིན་པ་ཤེས་ནས་ཉོབ་སྣང་སྐྱེས་ཀི་ཡོད་མོད། ཡིན་ནའང་ངས་སྒྲུང་རྩོམ་ཞིག་ལ་བསམ་བློ་གཏོང་གི་ཡོད་ཅེས་བཤད་ན། རྒད་མོས་ཀྱང་ཅུང་ཙམ་ལྷོད་ཀི་ཡོད་ལ་དེ་ནི་ཁོས་མོ་ལ་རང་གིས་བྲིས་བའི་སྒྲུང་རྩོམ་འགའ་ངག་ཐོག་ནས་བཤད་མྱོངས་བ་དེ་དང་ཁོ་ལ་རྩོམ་ཡོན་སྒོར་མོ་འགའ་ཡང་རེག་མྱོངས་བས་ཡིན།
རྒད་པོས་ཤོག་སྨྱུག་གཉིས་ཀ་ཉལ་སའི་ནང་དུ་བཀྲམ་རྗེས་རིག་པ་སྒྲིམ་ནས་ཅི་ཞིག་འབྲི་བཞིན་ཡོད་ནའང་རྒན་མོས་དེ་ལ་དོ་སྣང་མི་བྱེད་པར་ཁྱོད་ཀྱིས་ཅི་ཞིག་འབྲི་ཡི་ཡོད། ཤོད་དང་། ཁ་སང་གི་སྒྲུང་དེའི་རྔ་མ་ཨེ་རེད་ཅེས་པས། རྒད་པོས་སྒྲུང་འབྲི་མཚམས་བཞག་ནས་ཁ་སང་གི་དེ་བྲིས་ཟར་སོང་བ་རེད་ཅེས་བར། རྒན་མོས་ཡང་བསྐྱར་སྒྲུང་གསར་བ་ཞིག་འབྲི་ཡི་ཡོད་དམ། དེའི་ནང་ལ་ཅི་ཞིག་བྲིས་ཡོད། སྒྲུང་འདི་ལ་སྒོར་མོ་ཅི་ཙམ་རེག་ས་རེད་སོགས་དྲི་བ་མང་པོ་གཅིག་འཕྲོ་གཅིག་ལ་དྲིས་པས། རྒད་པོས་དེ་ལ་ལན་ཅི་ཡང་མི་འདེབ་པར་སྒྲུང་འབྲི་མཚམས་བཞག་ཏེ་དལ་གྱིས་ལང་ནས་སྒོར་བུད་སོང་། ཁོས་སྒོ་འགྲམ་ནས་ཐ་མག་རྐང་གཉིས་འཕྲོ་རིམ་འཕྲོར་རྔམ་འཐེན་བྱས་རྗེས་གྲོད་ཁོག་ལྟོགས་པའི་ཚོར་བ་ཞིག་དང་མཉམ་དུ་ཅི་ཞིག་དྲན་པ་བཞིན་ཕྱིར་ནང་ལ་ཡོང་ནས་ཞིབ་ལྟ་ཞིག་བྱས་བར། ཕྱེ་ཁུག་དང་། ཚྭ་ཁུག ཇ་ཁུག སྩམ་ཁུག་སོགས་ལས་ཁ་ཤས་སྟོང་བར་གྱུར་བ་དང་ཁ་ཤས་སྟོང་ལ་ཉེ་བ་མ་ཟད་ཟླ་མཇུག་གི་སྒོར་ཁུག་ཀྱང་སྟོང་ལ་ཁལ་གྱིས་འདུག་པས་རྒད་པོའི་འདང་རྒྱག་གི་ཁ་ཕྱོགས་བསྒྱུར།
ཁོས་སུ་ཞིག་ལ་སྒོར་མོ་གཡར་དུ་འགྲོ་དགོས་སམ་བསམ་ནས་བསམ་བློ་བཏང་། ཨ་ཁུ་ཤེས་རབ། ཕུ་བོ་ལྷ་བྷེ། ཨ་ཞིང་ཚེ་ཁོ། གྲོགས་པོ་དོན་འགྲུབ། འདི་དག་མི་ཕྱུག་པོ་ཏག་ཏག་ཡིན་ནའང་མིའི་སྐྱིད་སྡུག་གི་ཉམས་མྱོང་མེད་པས་སྒོར་མོ་ཨེ་གཡར་རམ། བསམ་བློ་བཞི་གསུམ་བཅུ་གཉིས་བཏང་མཐར་ཕྱི་དངོས་བོའི་འབྱོར་བ་ཞན་ནའང་སེམས་རྒྱ་ཡངས་ཤིང་འབྲེལ་འདྲིས་ཆེ་བའི་རང་གི་སྨྱུག་གྲོགས་སེང་ཆེན་ཡོད་སར་མེད་མུག་འདོན་དུ་འགྲོ་འདོད་སྐྱེས། ཁོ་ཡར་ལང་ནས་འགྲོ་རྩིས་བྱེད་སྐབས་རྒན་མོས་བྲེལ་འཚབ་ཀྱིས། ཝེ། ཁྱོད་གང་ལ་འགྲོ་རྒྱུ་ཡིན་ནམ་ཞེས་པས། ཁོས་བརྩེ་བ་གཏིང་ཟབ་དུ་མངོན་པའི་མིག་ཟུང་གིས་རྒན་མོས་གདོང་ལ་ལྟ་བཞིན། ང་སེང་ཆེན་ཚང་ལ་འགྲི་ཡི་ཡིན། རེ་མ་ཡོང་ཞེས་པས། རྒན་མོས་བཅོས་མ་མིན་པའི་ཉམ་ཆུང་གི་སྐད་གདང་དེས། ཨ་ཁུ་ལོ་ལོ། ཆང་མ་འཐུང་། ངས་ཁྱོད་ལ་ལྟ་འདུག་ཟེར།
ཡུམ་དུམ་པ། ང་ལ་སྒོར་མོ་མེད། ཁྱོད་ལ་དགོས་ན་གྲོ་ཕྱེ་སྒྱེ་མོ་གང་དེ་ཁྱོད་ཀྱིས་ཁྱེར་དང་ཟླ་འདིར་ང་ལ་རྩམ་པ་དང་མར་འཕྱུར་འདང་ཙམ་ཡོད། ཟླ་རྗེས་མར་ཕལ་ཆེར་རྩོམ་ཡོན་ཞིག་ཀྱང་ཡོད་པ་འདྲ་ཞེས་སེང་ཆེན་སེམས་གཏམ་བཤད་པས། ཁོས་ཐུགས་རྗེ་ཆེ་ཟེར་བཞིན་ད་དུང་ཅུང་ཙམ་སྡོད་དང་ས་རུབ་རྗེས་ངས་འདི་ཁུར་ནས་འགྲོ་ཡི་ཡིན་ཟེར། སེང་ཆེན་གྱི་ཆུང་མའི་སེམས་ལ་ས་རུབ་དགོས་བའི་རྒྱུ་མཚན་འཆར་མི་ཐུབ་ནའང་ཁོ་གཉིས་ཀའི་སེམས་ལ་གསལ་ཐང་ཐང་རེད། ས་རུབ་ནས་སྨག་ཆད་རྒྱུར་ད་དུང་དུས་ཚོད་ཕྱེད་ཀ་ཙམ་འདུག་པས་ཁོ་གཉིས་ཀས་རྩོམ་རིག་གི་སྐོར་ནས་ཁ་བརྡ་བྱེད་པའི་ཞོར་ལ་ཁོས་སེང་ཆེན་ལ་ངའི་རྒན་མོས་ང་ལ་ཆང་མ་འཐུང་། ཨ་ཁུ་ལོ་ལོ་ཟེར་ཞེས་པས་ཁོ་གཉིས་ཀས་ཆུ་ཁོལ་འཐུང་བཞིན་གད་མོ་བགད།
ཕྱི་ཉིན་སྔ་མོ་ཆུང་མས་འཛུམ་མདངས་དང་བཅས་གོ་རེ་ཚ་བོ་འགའ་ཁྱེར་ཡོང་ནས་རྒད་པོའི་སྔས་མགོར་བཞག་རྗེས་ངག་འཇམ་པོས། ཝེ། ཇ་འཐུང་། གོ་རེ་ཟོ། ང་ཞིང་ཁར་འགྲོ་དགོས། ཕྱི་དྲོ་ཉི་མ་ལྷོད་ལ་འཁོར་རྗེས་རྩོམ་འབྲི་ཞོར་དུ་ང་ལ་ཆུ་ཁོལ་ཞིག་སྐོལ་རོགས་ཟེར། མོ་གོམ་པ་འགའ་སྤོས་རྗེས་ཁ་ཕྱིར་འཁོར་ནས། ཝེ། ཆང་འཐུང་དང་མགྲོན་པོ་མང་པོ་སྐད་མ་གཏོང་། མི་མང་པོ་ཡོང་ན་གྲོ་ཕྱེས་ཡིས་ཟླ་འདིར་འདང་ཚོད་མི་འདུག་ཟེར།

