ཨ་ཁུ་དགེ་བཤེས་དང་དགེ་ཕྲུག་དཀོར་གཟན།

                          ཟ་ལེ་རྒྱལ་ནས།

         རྟོག་ལྡན་དགོན་ནི་རྟོག་སད་རིན་པོ་ཆེའི་སྐུ་གོང་མས་རི་ཐང་གཉིས་ཀའི་མཚམས་དང་རོང་འབྲོག་གཉིས་ཀའི་བར་ནས་བཞེངས་བ་དེར་དམིགས་ས་དང་བལྟ་ས་གཉིས་ཡོད། གཅིག་ནས་མར་ཕྱིར་མར་འདྲེན་ལ་བལྟས་ཤིང་གཉིས་ནས་གྲོ་ནས་ཡར་འདྲེན་ལ་དམིགས་པ་ཞིག་ཡིན་ཡང་། སྐུ་ཚེ་འདིར་ཁོང་ལ་སྤྲུལ་སྐུ་བདུན་མཉམ་དུ་འཁྲུངས་ནས་ཁྲི་རྩོད་བྱས་ཏེ་དགོན་པར་བདག་པོ་རྒྱག་མ་ཐུབ་པས། དགོན་པ་འདི་ཨ་ཁུ་དགེ་བཤེས་ཀྱི་གཉའ་ལ་ལྷུང་།  

རིག་གནས་གསར་བརྗེའི་ཤུལ་ལུས་དགེ་བཤེས་ཚོའི་ཁྲོད་ན་སྡོམ་པ་ཅན་ཁ་ཤས་ལས་མེད་ལ་ཨ་ཁུ་དགེ་བཤེས་ཀྱང་དེའི་ནང་གི་གཅིག་ཡིན། མི་ཚང་མས་བཤད་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཁོའི་བློ་ན་ཆུ་རྒྱུག་རྒྱུག་རེད་ཟེར་ལ། མི་ཚང་མར་དད་སྐྱེས་དོན་ཡང་དེ་རེད། ཁོའི་གྲྭ་ཤག་གི་གཡས་གཡོན་ན་ཨ་ཁུ་འགག་གཅར་དང་ཨ་ཁུ་གཟན་འཐབ་སོགས་ཀྱིས་གྲྭ་ཤག་རེ་ལས་ཏེ་གོས་དཀར་ལྕང་ལོ་ཅན་གྱི་ཚུལ་བཟུང་ཡོད། ཡང་མི་ཚང་མས་བཤད་ན་རིག་གསར་སྐབས་གོང་མ་ཚང་གི་འཐབ་རྩོད་ལ་མ་བཟོད་པར་ཨ་ཁུ་འགག་གཅར་གྱིས་རང་གི་སྟོད་འགག་ལ་གཅར་བ་དང་ཨ་ཁུ་གཟན་འཐབ་ཀྱིས་རང་གི་གཟན་ཤུབ་ལ་འཐབ་རྩོད་བྱས་མྱོངས་མོད། མོ་དང་ལུང་བསྟན་གསུང་ན་ད་དུང་ཡང་མིག་བཙུམ་མི་དགོས་བར་བཤད། གང་ལྟར་དེ་བས་དགོན་པ་འདི་ནི་མདོ་སྔགས་ཟུང་འབྲེལ་གྱི་དགོན་པ་ཆུང་ཆུང་ཞིག་ཡིན།

 དགོན་པའི་མདུན་གྱི་གཡུ་འབྲུག་གཙང་བོར་ཟམ་པ་ཆུང་ཆུང་ཞིག་བཙུག་ཡོད་ལ་ཟམ་པ་དེའི་སྟེང་ནས་མཇལ་བ་དང་གྲྭ་བ། སྔགས་པ་སོགས་མ་གཏོགས་འགྲོ་མྱོང་མེད། ཟམ་ཐོག་འདི་ནས་ཐེངས་གཅིག་ལ་སོང་བ་ཙམ་གྱིས་ཚེ་ཕྱི་མར་དམྱལ་ཆུ་རབ་མེད་ལ་བརྒལ་མི་དགོས་བའི་བྱིན་རླབས་ཡོད་ཟེར། དེ་བས་ཟམ་པ་འདི་ནི་ཨ་ཁུ་དགེ་བཤེས་གཙོས་དགོན་པ་འདིའི་མི་ཚང་མའི་མིག་གིས་བལྟ་ས་ཡིན།

ཨ་ཁུ་སྐྱ་བྷ་ཚང་ཚ་འབྲི་རྒན་གསུམ་ལས་མེད་པས་ཁྱི་ཚང་གང་བོས་དབྱར་ཟླ་དྲུག་པའི་ནང་ལའང་དཀར་ཁུ་ཙམ་ལས་ཞོ་དང་འོ་མ་འཐུང་ཐུབ་ཀི་མེད། ཟླ་རེར་འོ་མ་ཐེངས་གཉིས་ནས་གསུམ་ཙམ་ལས་དཀྲུག་ཐུབ་ཀི་མེད་ལ་དེ་ནི་ལོ་ཟླ་འཁོར་མོ་གཅིག་གི་ཁ་ཟས་ཡིན། ཨ་ཁུ་སྐྱ་པས་མར་སྒམ་ནང་ལ་བལྟས་ཏེ། ཨ་ཡེ། མར་ལོ་གང་འཁྱེར་གི་ཡིན་ནམ་ཞེས་པས། ཨ་ཅེ་གཡུ་མཚོས་ཐེ་ཚོམ་མེད་པར་སེར་སྣ་བྱས་ན་བྱིན་རླབས་འབྱུང་གི་མ་རེད། མར་ལོ་ཆེན་པོ་དེ་འཁྱེར་ཟེར། ཨ་ཁུ་སྐྱ་བྷས་ལག་པ་འདར་བཞིན་མར་ལོ་འབྲིང་ཙམ་རང་གི་ཏ་ལེན་ནང་ལ་འཇུག་བཞིན་སང་ཉིན་སྔ་མོར་འགྲོ་དགོས་པས་དེ་དགོང་གྲ་སྒྲིག་བྱེད་དགོས་ཟེར།

ཨ་ཁུ་དགེ་བཤེས་ཀྱིས་སྐད་མཐོན་པོས་རང་གི་དགེ་ཕྲུག་ལ་དཀོར་གཟན། ད་ལོངས། མེ་ཁ་གསོས་ཏེ་ཇ་སྐོལ་ཟེར་བཞིན་ཉལ་ཁྲིའི་ཐོག་ན་ཁ་འདོན་བྱེད། དགེ་ཕྲུག་གི་དངོས་མིང་ལ་བསྟན་འཛིན་རབ་རྒྱས་ཟེར་ལ་ཁོ་གཉིས་ཉེ་ས་ཞིག་ཀྱང་ཡིན་མོད་དགེ་བཤེས་དང་དགེ་ཕྲུག་གཉིས་ཧ་ཅང་འཆམ་རྒྱུ་མེད་པས། ཨ་ཁུ་དགེ་བཤེས་ཀྱིས་ཁོའི་དགེ་ཕྲུག་གི་མིང་ལ་དཀོར་གཟན་འབོད། དགེ་ཕྲུག་གིས་མིག་འཕུར་བཞིན་ཡར་ལང་ཏེ་ལྕགས་ཐབ་ནང་ལ་ཤོག་བུ་འགའ་བརྫངས་རྗེས་ཙེག་སྒྲ་སྒམ་ཆུང་ཞིག་བླངས་ནས་མེ་ཁ་གསོ་རྩིས་བྱས། ཁོས་གཉིད་མ་སད་ཀྱིས་ཙག་སྒྲ་ཐེངས་གསུམ་ལ་དྲུད་ཀྱང་མ་འབར་བས། ཨ་ཁུ་དགེ་བཤེས་ཉལ་ཁྲིའི་སྟེང་ནས་མར་འབབ་བཞིན། དཀོར་གཟན། དཀོར་གཟན། ཙག་སྒྲ་གསུམ་འཕྲོ་བརླག་ལ་བཏང་སོང་ཞེས་པས། དགེ་ཕྲུག་གི་མིག་གཉིས་ཀ་ལྷེམ་ལྷེམ་གཡོ་བཞིན་མགོ་སྐྱོར་ནས་ཟུར་ལ་ནུར། ཨ་ཁུ་དགེ་བཤེས་ཀྱིས་པུས་མོ་གཡས་བའི་ལྷ་ང་ས་ལ་བཙུགས རྐང་པ་གཡོན་པ་རྩིག་པའི་ངོས་སུ་གཏད། མ་ཁར་སོ་བཏབ་ནས་རིག་པ་རྩེ་གཅིག་ལ་བསྒྲིམས་ཏེ་ཙག་སྒྲ་ཐེངས་གཅིག་ལ་དྲུད་པས་ལྕགས་ཐབ་ནང་ནས་དུ་བ་སྔོན་པོ་ཞིག་དང་མཉམ་དུ་མེ་ལྕེ་དམར་བོ་ཕྱི་རུ་མཆེད་པས། ཁོའི་གདོང་ལ་འཛུམ་མདངས་ཤིག་ལང་ཏེ་མཐོང་སོང་ངམ་ཟེར་བཞིན་ཕྱིར་ཉལ་ཁྲིའི་ཐོག་ལ་འགོས། ཁོ་གཉིས་ཀས་ནང་ཆུ་འཐུང་རྗེས་ཨ་ཁུ་དགེ་བཤེས་ཀྱིས་ལག་གཡོན་མའི་མཐེབ་ཆེན་གྱི་སེན་མོའི་ཐོག་ལ་སྣ་ཐལ་གང་སྤུངས་རྗེས་མིག་ཤེལ་གདོང་ཁུག་ལ་བཞག་ཏེ་སྒེའུ་ཁུང་ནས་ཟམ་པའི་ཕྱོགས་སུ་ལྟ་བཞིན། དཀོར་གཟན། འདིར་ཤོགས་དང་། ཟམ་ཐོག་གི་མིས་དེས་ཅི་ཞིག་ཁུར་ཡོད་པ་མཐོང་གི་འདུག་གམ་ཞེས་དགེ་ཕྲུག་ལ་དྲིས། དགེ་ཕྲུག་གིས་མིག་ཅེར་ནས་ཅུང་ཙམ་བལྟས་རྗེས་འབྲོག་པ་ཞིག་རེད། རྒྱབ་ལ་ཏ་ལེན་ཞིག་ཁུར་འདུག ནང་ན་མར་ཕྱུར་ཡོད་རྒྱུ་རེད་ཅེས་པས། ཨ་ཁུ་དགེ་བཤེས་གྱིས་སྣ་ཐལ་འཐེན་བཞིན་གང་ལ་འགྲོ་ཡི་འདུག་ལྟོས་ཟེར། དགེ་ཕྲུག་གིས་སྒེའུ་ཁུང་ལས་ཟམ་པའི་ཕྱོགས་སུ་ཡང་ཡང་ལྟ་བཞིན་མཛོད་ཁང་ནང་ལ་གོ་རེ་ལེན་དུ་སོང་། འབྲོག་ཕྱོགས་ཀྱི་མཇལ་བ་ཡོང་ན་རོང་ཕྱོགས་ནས་འཁྱེར་ཡོང་བའི་གོ་རེའི་སྡེར་ཁ་སྒྲིག་པ་དང་རོང་ཕྱོགས་ཀྱི་མཇལ་བ་ཡོང་ན་རྩམ་པ་སྟེར་དགོས་བ་ཨ་ཁུའི་གོ་སྒྲིག་ཡིན། མཛོད་ཁང་ནང་གི་གྲོ་དང་ནས། སྲན་མ་སོགས་ཙི་ཙིས་ཟས་ནས་གང་སར་གཏོར་ཡོད་ལ གོ་རེ་དང་ཤ་སོགས་བླ་རྒན་དང་དགེ་ཕྲུག་གཉིས་ཀས་ཟས་མ་ཚར་བའི་ལྷག་མ་རྣམས་རུལ་ནས་ཤ་དང་ཚིལ། གོ་རེ་སོགས་ཀྱི་རུལ་དྲིས་ཁང་འདུག  དགེ་ཕྲུག་གིས་ཨ་ནེ་སྒྲོལ་མཚོས་ཁ་སང་བྱིན་པའི་གོ་རེ་སོ་མས་སྡེར་ཁ་ཆེན་པོ་ཞིག་བསྒྲིགས་ཏེ་མགྲོན་པོར་བསྒུགས།

ཨ་ཁུ་དགེ་བཤེས་ཨེ་བཞུགས་ཀི། དེ་ནི་ཨ་ཁུ་སྐྱ་བྷ་རེད། ཁོའི་ཏ་ལེན་ནང་ན་ཤ་ཚང་ར་ཞིག་གི་རྔ་མ་འཇུར་འདུག་ལ་སྒོ་ཕྱེས་མ་ཐག་མར་དང་རྩམ་པའི་དྲི་མ་གང་སར་ཁྱབ་ཡོང་། ཨ་ཁུ་སྐྱ་བྷའི་ལུས་ཀྱི་ལྭ་བ་དང་རྐང་གི་ལྷམ་མགོ་སོགས་ལྷན་པའི་སྟེང་ལ་ལྷན་པ་བརྒྱབས་ཏེ་ཡོད་པས་ཞིབ་ལྟ་བྱེད་རྒྱུར་འཚེར་སྣང་སྟེར། སྣང་ཚུལ་འདི་དག་མཐོང་བ་དང་དགེ་ཕྲུག་གི་མིག་མཐར་མཆི་མ་འཁོར་བཞིན་མགོ་བསྒུར་ནས། ཤོགས། ཤོགས། ཨ་ཁུ་དགེ་བཤེས་ནང་ན་ཡོད་ཟེར་བཞིན་ཨ་ཁུ་སྐྱ་བྷར་སྣེ་ལེན་བྱས། མགྲོན་པོས་ཏ་ལེན་ཟུར་ལ་བཞག་ཏེ་ཕྱག་གསུམ་འཚལ་རྗེས་དེ་ཙམ་གཙང་རྒྱུ་མེད་པའི་ཁ་བཏགས་ཤིག་རུམ་ནས་བླངས་ཏེ་ཨ་ཁུ་དགེ་བཤེས་ལ་མཇལ་ཁ་ཞུས། སྐྱ་བྷས་མགོ་བསྒུར་ཏེ་སྐད་དམའ་མོས་ཅི་ཞིག་ཞུ་བཞིན་འདུག་ལ་ཨ་ཁུ་དགེ་བཤེས་ཀྱིས་མིག་བཙུམ་ནས་ཉན་བཞིན་འདུག དེ་ནི་ཁོའི་ཉན་སྟངས་ཡིན། དགེ་ཕྲུག་གིས་འོ་ཇ་ནུར་མོ་གང་གི་ཁ་ལ་མར་ཆེན་པོ་ཞིག་འཕངས་ཏེ་ཨ་ཁུ་སྐྱ་བྷའི་མདུན་ལ་འཇོག་བཞིན། ཨ་ཁུ། ཇ་འཐུང་ཞེས་ངག་འཇམ་པོས་མགྲོན་བསུ་བྱས། སྐྱ་བྷས་ད་དུང་མགོ་བསྒུར་ནས་གསོལ་བ་འདེབ་བཞིན་འདུག་ལ་ཨ་ཁུ་དགེ་བཤེས་ཀྱིས་གོ་སྐབས་དེ་དང་བརྟུན་ནས་མིག་ཕྱེས་ཏེ་སྐེ་སྲིང་ནས་སྐྱ་བྷའི་དཀར་ཡོལ་ཁའི་མར་ལ་ལྟ་ཙམ་བྱས་ནས་དགེ་ཕྲུག་གི་ཐོག་ལ་སྡང་མིག་སྐོར་བཞིན་ད་མར་སོང་ཟེར།  དགེ་ཕྲུག་གིས་ཅི་ཡང་མི་བཤད་པར་ཐད་ཀར་མཛོད་ཁང་དུ་འཛུལ་ནས་གོ་རེ་གསར་བ་འགའ་དང་སིལ་ཏོག་འགྱིག་ཁུག་གང་། ད་དུང་ཞོགས་ཁོག་འགྱིག་ཤོག་གང་བཅས་ཟུར་ལ་བཞགས་ཏེ་མགྲོན་པོར་བསྒུགས།

ཨ་ཁུ་སྐྱ་བྷས་སྐྱབས་འཇུག་ཞུས་ཚར་ཏེ་མར་ཁུའི་ནང་ལ་གོ་རེ་རྒྱུས་ནས་རྒྱག་ཚད་འཐུང་རྗེས་ལག་པ་གཉིས་ཐལ་མོ་སྦྱར་ཏེ། ཨ་ཁུ་དགེ་བཤེས་ལགས། ད་ང་འགྲོ་ཡི་ཡིན་ཞེས་ཡར་ལངས། དགེ་ཕྲུག་གིས་གོ་རེ་དང་སིལ་ཏོག ཞོགས་ཁོག་སོགས་སྐྱ་བྷའི་ཏ་ལེན་ནང་ལ་འཇུག་བཞིན། འདི་དག་ཨ་ཁུས་འཁྱེར་རོགས། ང་ཚོར་ཟ་རྒྱུ་མང་དྲག་ནས་བདག་མི་ཐུབ་ཀི་ཅེས་པས་སྐྱ་བྷས་ཐུགས་རྗེ་ཆེ། ཐུགས་རྗེ་ཆེ་ཟེར་བཞིན་མགོ་སྒུར་ནས་གུས་བ་བྱེད་ལ། དེ་དང་མཉམ་དུ་ཨ་ཁུ་དགེ་བཤེས་ཀྱིས་ཁྲི་ཐོག་ན་དགེ་ཕྲུག་ལ་སྡང་མིག་གིས་ལྟ་བཞིན་རང་གི་བརླ་ཐོག་ལ་སེན་བཏོག་བྱེད།

དགེ་ཕྲུག་གིས་ཨ་ཁུ་སྐྱ་བྷ་སྒོ་ཆེན་གྱི་ཕྱི་ལ་བསྐྱལ་རྗེས་སྒོ་འགྲམ་ནས་ལང་སྟེ་ཕ་ཡུལ་གྱི་རི་ལུང་དང་ནོར་ལུག་ལ་བལྟས་ཏེ་མིག་ཆུ་ཕྱི་བཞིན་འདུག ཁང་བའི་ནང་ན་ཨ་ཁུ་དགེ་བཤེས་ཀྱིས་སྐད་མགོ་དམའ་མོས་དཀོར་གཟན་འདིས་གྲོང་པའི་ཁོག་ནས་དཀོར་ཟས་དཀོར་ཆུ་མི་ཞུ་བ་དེ་ཙམ་ཡང་མི་ཤེས་བ་ཅི་ཡིན་ནམ། དཀར་ཡོལ་ཁུ་ཚུར་ལྟ་བུ་ཞིག་གི་ནང་ལ་མར་རྟ་མགོ་འདྲ་ཞིག་འཕེན་སྲོལ་གང་ན་ཡོད། ཞེས་ཁེར་བཤད་བྱེད་བཞིན་སྒེའུ་ཁུང་ནས་སྐེ་སྲིང་སྟེ་སྐད་མགོ་མཐོན་པོས། དཀོར་གཟན། དཀོར་གཟན་ཞེས་འབོད་ཀྱིན་འདུག ཡིན་ནའང་དགེ་ཕྲུག་གིས་ལན་མི་འདེབ་བར་ཅི་ཞིག་ལ་བསམ་བློ་གཏོང་བཞིན་ལག་པའི་རྒྱབ་ཀྱིས་མིག་ཆུ་ཕྱི་བཞིན་འདུག

དགེ་ཕྲུག་གིས་མཇལ་བ་དང་འབུད་ཤིང་སྐྱེད་མཁན་ཚོར་ཨ་ཁུས་མི་མཐོང་ས་ནས་ཤ་དང་གོ་རེ་སོགས་གསང་སྟབས་ཀྱིས་སྤྲད་པ་ཉུང་ཉུང་མིན་མོད་དེ་དག་ད་དུང་ཨ་ཁུས་ཤེས་མེད། དེ་རིང་ཨ་ཁུས་མཐོང་ས་ནས་ཁོང་གི་གློ་མཆིན་བཅད་པ་བཞིན་གོ་རེ་དང་སིལ་ཏོག ཞོགས་ཁོག་སོགས་མཇལ་བ་སྐྱ་བྷའི་ཏ་ལེན་ནང་ལ་བཅུགས་པ་དེས་ཁོ་ལ་འགྲོ་སའི་གནས་དང་འདུག་སའི་ཡུལ་མེད་བར་བྱས།

ངའི་གྲོགས་པོ་བོན་རྒྱའི་བསྟན་འཛིན་རབ་རྒྱས་ནས་བརྩམས་སྒྲུང་གི་ལམ་ནས་ང་ལ་འགྲན་རྩོམ་རིང་མོ་ཞིག་འབྲི་བཞིན་པ་ཐོས་ཏེ་༢༠༠༩ ལོའི་ཟླ ༩ བའི་ཚེས ༡༩ ཉིན་ཕ་རེ་སི་ནས་བྲིས།

  • loading