ཨ་མྱེས་ལྷ་ཆབ་བཙལ་བའི་གཏམ་རྒྱུད།
ཨ་མྱེས་ལྷ་ཆབ་ལ་གཤོག་པ་སྐྱེས་བའི་ལོ་རྒྱུས་མ་གོ་ནའང་ཕ་གཞིས་ནས་དུ་བ་མ་ལང་བར་ཡུན་རིང་འགོར་སོང་། ངས་ཉོག་སྡེ་ཕྲ་མོ་བརྒྱུད་ནས་འཚོལ་དུ་སོང་། ཁོང་ཚང་གི་སྒོ་ཁ་ན་དྲ་འབུ་མང་བོ་སངས་རྒྱས་ནས་ས་ལྡིང་གནམ་ལྡིང་བྱེད་བཞིན་འདུག་པས་རྒད་པོ་གང་ཞིག་ལ་འཕུར་སོང་བ་ཤེས་ཐུབ། ངའི་སེམས་མ་བདེ་བར་གསར་འགོད་པ་མི་ནག་འཚོལ་དུ་སོང་། གཅིག་ནས་ཁོ་རང་ཉོག་སྡེ་ཕྲ་མོའི་སྡེ་དཔོན་ཡིན་ལ་གཉིས་ནས་ང་རང་སྡེ་བ་འདིར་མཉམ་ཞུགས་བྱེད་དགོས་བའི་བཙན་བཀའ་གཏོང་མཁན་ཡང་ཡིན། ངས་ཨ་ཁུ་སྡེ་དཔོན་ཚང་གི་སྒོ་འགྲམ་ནས་ཅུང་ཙམ་སྒུག་ནའང་གྲག་འགུལ་ཅི་ཡང་མི་འདུག ངས་ནང་དུ་མི་ཡོད་དམ་ཞེས་སྒོ་ཡུན་གྱིས་བརྡུང་། ཡོད། ཡོད་ཟེར་བཞིན་ངོ་མི་ཤེས་བའི་བུ་མོ་མ་བུ་གཉིས་སྒོར་བསླེབས་སོང་། ཕར་བལྟས་ཚོད་ཀྱིས་ཁོང་གི་རིག་མ་ཡིན་པ་ཚོད་དཔག་བྱེད་ཐུབ་པས་ངས་མོ་ལ་སྐད་ཆ་དྲིས།
ཨ་ཁུ་མི་ནག་ཡུལ་ན་ཡོད་དམ།
མི་འདུག།
གང་ལ་ཕྱིན་སོང་།
གང་ཤེས། ཟླ་བ་ཁ་ཤས་ཕྱིན་སོང་ཟེར། ཕྲུ་གུ་ཆུང་ཆུང་དེས་ཅི་ཞིག་བཤད་རྩིས་བྱས་ནའང་ཨ་མས་ཁོང་གི་ཁ་བཀག་ནས་བཤད་དུ་བཅུག་མ་སོང་། ངས་ཞིབ་ལྟ་བྱས་པས་ཁོང་ཚང་གི་ཐབ་ཀའི་ཡ་རྒྱལ་སྟེང་དུ་ཁྱོད་རང་གསར་འགོད་པ་བྱེད་འདོད་དམ་ཞེས་བའི་དཔེ་ཆ་ཞིག་ས་རྡུལ་གྱིས་གཡོག་འདུག་ལ་དེ་ནི་སྡེ་དཔོན་ལགས་ཁྱིམ་འདི་དང་ཁ་བྲལ་ནས་ཡུན་རིང་འགོར་བའི་རྟགས་རེད། ང་རང་ཁ་ཕྱིར་འཁོར་ནས་ཁོང་གི་ལས་ཁུངས་ནང་ལ་སོང་། ངོ་མི་ཤེས་བའི་གསར་འགོད་པ་ཞིག་གིས་ཇ་འཐུང་བཞིན་ང་རང་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་ཞེས་སྐད་ཆ་ཆེན་པོ་ཏག་ཏག་བཤད་བཞིན་འདུག། གསར་འགོད་པ་གཞན་དག་གིས་འདོན་ལ་ཉེ་བའི་གསར་ཤོག་ཅིག་གི་སྟེང་ལ་ཅེར་ནས་ཅི་ཞིག་ཡིག་ནོར་ཡིན་མིན་གྱི་རྩོད་པ་བྱེད་བཞིན་འདུག། ཕར་བལྟས་ཚོད་ཀྱིས་ང་ལ་ཁ་ཡ་བྱེད་རྒྱུ་མིན་པ་གསལ་བོ་ཡིན་པས་ངས་ཅི་ཡང་བཤད་མེད།
ཡ་མཚན། འདི་དག་ཚང་མ་གང་ལ་འཕུར་སོང་བ་ཡིན་ནམ། ད་ནི་འགྲོ་ས་མི་འདུག་ལ་འདྲི་སའང་མི་འདུག། ངས་རང་གི་སློབ་གྲོགས་ཆུ་སྐྱེས་སྒྲོལ་མ་ཚང་ནས་ཇ་གང་འཐུང་སྟེ་ལོག་འགྲོ་བསམ་ནས་སྒོ་རྡུང་བཞིན་ཤུགས་ཀྱིས་ཕྱེས། རྒད་པོས་ཐབ་ཁུང་ནང་ལ་ཕུ་རྒྱག་བཞིན་ཉོག་མ་ཚོས་པར་འུ་ཐུག་ནས་བསྡད་འདུག ཁོས་ང་མཐོང་མ་ཐག་ཡར་ལང་ནས་ཤོག་ཤོག་ཟེར་བཞིན་ང་ལ་མགྲོན་བསུ་བྱས། ལོ་བཅོ་ལྔའི་ཡར་སྔོན་གྱི་སློབ་གྲོགས་ཕོ་གསར་དེ་ད་ནི་མགྲོ་སྐྲ་ཟད་པའི་རྒད་པོ་ཞིག་རེད། ལེབ་ཀྱིས་ཉལ་བའི་གདོང་ཁུག་ལ་མིག་ཤེལ་དཀར་བོ་ཞིག་ཀྱང་བཞག་འདུག་པས་ཕལ་ཆེར་ངོ་མི་ཤེས་བའི་ཚད་དུ་བསླེབ་འདུག ང་རང་སྒོ་ཁར་ལང་ནས་ཁོང་གི་མགོ་དང་གདོང་བ། མིག་ཤེལ་བཅས་ལ་ཅེར་ནས་བསྡད། ངས་ཅི་ཞིག་བཤད་རྒྱུ་ཡིན་པ་ཁོས་ཤུགས་ཀྱིས་ཚོར་ཏེ་ངའི་ཁ་མ་གྲགས་གོང་། ཨ་རོགས། དེང་སྐབས་ཅི་ཞིག་མ་འགྲིག་པ་རེད། ཡིག་ནོར་དང་གཏགས་ནོར་ཏག་ཏག་བྲིས་ནས་སྡད་ཡོད་ནོ་ཟེར། ངས་དེ་ནི་ལག་མ་གོམས་པས་རེད། ཁྱོད་ཀྱིས་མེ་འབུད་མ་ཤེས་བར་རང་གི་མགོ་སྐྲ་མེར་བསྲེགས་ཟིན་ནམ། རྒན་མོ་གང་ལ་ཕྱིན་སོང་ཞེས་པས། ཁོས་འཛུམ་ཙམ་བྱེད་བཞིན་ད་ཁ་ཚུམས་ཟེར། ངས་ཅི་ཡང་བཤད་མེད། ཁྱིམ་ལ་མིག་གཤེར་ཞིག་བྱས་པས་རྒད་པོའི་སྔས་མགོ་ལ་ཆུ་སྐྱེས་སྒྲོལ་མའི་སྐུ་པར་ཞིག་ཁ་བཏགས་ཀྱིས་གཡོགས་ཏེ་བཞག་ཅིང་དེའི་མདུན་ལ་སྒྲོ་ལོར་འགའ་བཞག་འདུག། འདྲི་དགོས་བ་ཚང་མ་དྲིས་མེད་ནའང་ཤེས་དགོས་བ་ཚང་མ་ཤེས་སོང་། ངས་ཅི་ཞིག་བཤད་རྩིས་བྱས་ནའང་ཁོས་ཇ་འཐུང་། ཉོག་ཟོ་ཞེས་ངའི་ཁ་བཀག་ནས་བཤད་དུ་མ་བཅུག་པས། ངས་ཀྱང་ཇ་དཀར་ཡོལ་གང་འཐུང་རྗེས་ཁུ་སུམ་མེར་བུད་ཡོང་།
ལྷ་ཆབ་གང་ལ་བུད་སོང་། གཤོག་པ་སྐྱེས་བ་ཡིན་ནམ་གོ་ས་འཕར་བ་ཡིན། ཉོག་ཟངས་ཁ་ནས་མཐུན་པའི་ངའི་གྲོགས་པོ་དེ་ད་ལྟ་གང་ན་ཡོད། ངས་འདི་ལྟར་ཁེར་ལབ་རྒྱག་བཞིན་མདུན་དུ་སོང་། ལམ་འགྲམ་གྱི་ནགས་སྲུབ་ཅིག་ན་ཨ་རིག་དགེ་མཐོང་གིས་སྐྱག་པ་ལྷོད་ཀྱིས་བཙིར་ནས་སྡད་འདུག་ལ། དེའི་ཕར་ཕྱོགས་ན་བླ་རྒན་བློ་བཟང་རྒྱ་མཚོས་ཕྱི་ནང་གི་གྲུབ་མཐའ་དར་ཚུལ་བཤད་ནས་ཁོམ་གྱིན་མི་འདུག། ངས་གྲོགས་པོ་ཚོ། ཨ་མྱེས་ལྷ་ཆབ་ཨེ་རིག་ཐལ་ཞེས་བར། ཨ་དགེས་སྐྱག་པ་བཙིར་བཞིན་མ་རིག་ཐལ་བཀའ་འགྱུར་གན་ཟེར་ལ་བླ་རྒན་བློ་རྒྱམ་གྱིས་སྐེ་གཅུ་བཞིན། ཁོ་རེ། ཁྱོད་ཅི་ཟོ་ལེ་ཡིན། ཁ་སྐད་མ་བཤད་ཟེར། བླ་རྒན་འདི་གཉིས་ང་རང་ཆེས་དགའ་སའི་བླ་རྒན་དེ་གཉིས་ཡིན། ང་ཚོས་ཁ་རྩོད་མང་བོ་བརྒྱབ་མྱོང་ནའང་ཞེ་འཁོན་ནམ་ཡང་འཛིན་མྱོང་མེད། དེ་བས་ངས་ཁ་བཙུམ་ནས་ད་དུང་མདུན་དུ་སོང་།
ཁྱི་ཕྲུག་མང་བོས་ཟུག་སྐད་རྒྱག་བཞིན་མི་ཞིག་དེད་ནས་ཡོང་གིན་འདུག། ང་རང་ཉེ་སར་བཅར་པས་ཨ་ཚོགས་མྱི་ལྡང་ཡིན་པ་ཚོར། ཁོས་ལག་པ་གཡོན་པ་བརླ་ཁུག་ནང་དུ་བཏང་ཞིང་ལག་གཡས་བས་རང་གི་ཁ་སྤུ་ལ་བྱིལ་བྱིལ་བྱེད་བཞིན། ངས་རྒྱ་ནག་གི་ཕྱི་སྐྱོད་ལག་དེབ་བཟུང་ནས་ཕ་ཡུལ་ལ་ནམ་ཡང་འགྲོ་གི་མིན་ཟེར་བཞིན་འདུག། ཨ་མྱེས་ལྷ་ཆབ་དང་ཨ་ཚོགས་མྱི་ལྡང་གཉིས་ལས་ཁུང་གཅིག་ན་ཡོད་པའི་སྐད་ཆ་ཞིག་གོ་མྱོང་ཡོད། དེ་བས་ངས་ཁོ་ལ་སྐད་ཆ་ཞིག་འདྲི་དགོས་བསམ་ནའང་ཁོས་ཧ་ཅང་ཁོམ་གྱིན་མེད་པའི་རྣམ་འགྱུར་དང་བཅས། ང་ལ་དུས་ཚོད་མེད། རང་བཙན་ལེན་དུ་འགྲོ་དགོས། ཤིང་བཟའ་རིན་པོ་ཆེས་ང་ལ་སྒུག་སྡད་ཡོད་ཅེས་མེ་ལོག་གི་ཆང་ཁང་ནང་ལ་འཛུལ་སོང་།
ང་རང་སྐོར་ལམ་རྒྱུད་ནས་མར་བབས། ཁུ་ཡུག་ཅིག་གིས་བོད་སྐྱིད་རྒྱ་སྡུག། རྒྱ་སྡུག་བོད་སྐྱིད་ཅེས་སྐད་རྒྱག་བཞིན་འདུག ཁུ་ལོ། ལྷ་ཆབ་མཐོང་སོང་ངམ་ཅེས་བར། ཀུ་ཀོ། ང་རང་གྲོས་ཚོགས་ལ་འགྲོ་དགོས། དུས་ཚོད་མེད་ཟེར།
ཀེ། ལྷ་ཆབ། ཁྱོད་གང་ན་ཡོད། ངས་ཇི་ལྟར་བཙལ་ཡང་མ་བརྙེད། ཁྱོད་རང་རང་འགུལ་གྱིས་ཡོང་རོགས།
དུས་བབ་ཟིན་བྲིས་སྟེང་འདོན་སྤེལ་བྱས།: ༢༠༡༠/༡༡/༡༨
