ཨོྃ་སྡེ་བའི་གཏམ་རྒྱུད།

 

ཨོྃ་སྡེ་བའི་སྡེ་མི་ཚང་མ་དབང་བོ་སྐྱོན་ཅན་ཏག་ཏག་ཡིན། མི་ལ་ལས་བཤད་ན་ས་ཆུ་མ་འཕྲོད་པས་རེད་ཟེར་ལ་ཡང་ལ་ལས་བཤད་ན་ལྷ་ཀླུ་མ་དགའ་བས་རེད་ཟེར། གང་ལྟར་ལ་ལས་མིག་གིས་མི་མཐོང་ལ་འགའ་ཤས་རྣས་མི་གོ སྡེ་བ་གཞན་ནས་འདི་རུ་ན་མནའ་མ་དང་མག་པ་ཡོང་མཁན་མེད་པའི་ཁར་སྡེ་མི་ཚང་མར་སྡེ་བ་ཡར་མར་གྱི་གསར་འགྱུར་ལ་མི་ཉན་ཞིང་བཟང་ཆ་ལེན་པ་དང་སྐྱོན་ཆ་དོར་བའི་གོམས་སྲོལ་ཡང་མེད། ཁོ་ཚོའི་རེ་བ་ཆེ་ཤོས་དེ་སང་ཉིན་གྱི་འཚོ་བའང་ཁ་སང་བཞིན་ཡིན་དགོས་བས་ཁབ་ཀྱི་ཆེ་ཆུང་དང་འབུག་གི་སྦོམ་ཕྲ་ལ་འགྱུར་བ་ཅུང་ཙམ་བྱུང་ཚེ་དེ་ལ་སེམས་ཁུར་དང་རྣམ་རྟོག་བྱེད་ཀི་ཡོད། དེ་བས་མི་རབས་ནས་མི་རབས་ལ་ཁོ་ཚོས་ཤུགས་ལས་ཏག་ཏག་བྱས་ནས་ཉི་མ་བཏང་། ས་བབ་ཀྱི་ཆ་ནས་ཕྱོགས་བཞི་གངས་རི་དང་སྤང་རིས་སྐོར་ཡོད་ལ་ས་ཁྱོན་གྱི་ཆ་ནས་རྟ་ནོར་ལུག་གསུམ་ལ་དབྱར་དགུན་མེད་པར་འདང་རྒྱག་མེད་པས་ཁོ་ཚོ་གནས་འདི་རུ་གཏན་སྡོད་བྱས་ཡོད། གངས་རི་དང་སྤང་རི་དེ་དག་ནི་ས་མཐའ་དང་གནམ་མཐའ་ཡིན་པས་ས་དེ་ནས་བརྒལ་ཚེ་ལྷ་ཡུལ་དང་དམྱལ་བ་གང་རུང་ཡིན་པར་བཤད།

སྡེ་བ་འདིས་གནའ་གཏམ་ཏག་ཏག་བཤད་དེ་མི་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་འགོར་ཡོད་ལ་སྡེ་མི་ཚང་མ་ཡ་རབ་གཤིས་འཇམ་དང་གཞན་ཕན་གྱི་བསམ་བློ་ལྡན་པའང་གནའ་གཏམ་དེའི་བྱིན་རླབས་ཡིན་པར་བཤད། ཡ་མཚར་བ་ཞིག་ནི་ཁ་སང་བཤད་པའི་གནའ་གཏམ་དང་དེ་རིང་བཤད་པའི་གནའ་གཏམ་གཉིས་ལ་ཁྱད་པར་མེད་ནའང་མི་ཚང་མས་དེ་ལ་སྤྲོ་བ་ཆེན་པོས་ཉན་གྱིན་ཡོད། བཤད་ཚུལ་ལྟར་ན་གནའ་གཏམ་འདི་མི་ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་ལ་སའི་ལྟེ་བ་རྡོ་རྗེ་གདན་ནས་བྱུང་སྟེ་ལོ་ངོ་ཅིག་སྟོང་དགུ་བརྒྱའི་རྗེས་ནས་ཁོ་ཚོས་ཁ་ཇེ་གསལ་ལ་བཏང་བ་རེད་ཟེར།   གནའ་གཏམ་འདིར་གངས་དཀར་སེམས་ཀྱིས་ཉན་ན་ལྷ་ཡུལ་ལ་འཐེན་པའི་ལམ་ཁ་ཞིག་ཟླ་བ་ཡར་ངོའི་ཚུལ་དུ་མིག་ལམ་ནས་ཇེ་གསལ་ཇེ་གསལ་ཡིན་ཟེར། ཡིན་ནའང་གནའ་གཏམ་འདིར་གངས་དཀར་སེམས་ཀྱིས་ཉན་མཁན་ད་ལྟའི་བར་བྱུང་བ་ཉུང་ཉུང་ཡིན། དྲང་མོར་བཤད་ན་དེ་ལ་རྒྱུ་མཚན་གཞན་ཞིག་ཡོད་དེ། ཁོ་ཚོ་ལྷ་ཡུལ་ལ་འགྲོ་འདོད་མེད་ལ་དམྱལ་བ་ལའང་འགྲོ་འདོད་མེད། ཁོ་ཚོ་མི་རབས་ནས་མི་རབས་ལ་ས་འདི་རུ་འདུག་འདོད་ཡོད་ལ་སང་ཉིན་གྱི་འཚོ་བའང་ཁ་སང་བཞིན་ཡིན་ན་འདོད་ཡོད།

ཁོ་ཚོར་གངས་རིའི་རྩེ་ནས་ལྷས་ཆོ་འཕྲུལ་བསྟན་མྱོངས་བ་བདེན་ལ་སྤང་རིའི་འདབས་ནས་བདུད་ཀྱིས་ལྟས་ངན་བསྟན་མྱོངས་བའང་བདེན། དེ་ནི་ཁོ་ཚོས་སེམས་ཅན་ཚང་མ་ཨ་མའི་ཡང་སྲིད་ཡིན་པ་དང་སྙིང་བརྗེ་སྒོམ་དུས་ཨ་མ་དེའི་དམིགས་རྟེན་བྱས་ནས་སྒོམ་གྱིན་ཡོད་ནའང་ཁོང་ཁྲོ་ལང་དུས་ཨ་མར་ནག་མོ་དང་འདྲེ་མོ་ཞེས་གཅར་བརྡུང་བྱེད་ཀྱིན་ཡོད་པས་ལན་པ་རེད་ཟེར། དེང་སྐབས་སྡེ་བ་འདིར་སྨྱོན་པ་མང་པོ་སྐྱེས་ནས་རྟོག་སད་དང་མི་གཞི་ཅན། དགྱེ་སྒུར་ཅན་སོགས་མཐོང་མ་མྱོང་བའི་མིང་ཚིག་མང་པོ་གསར་ཏུ་བཟོས་ཏེ་སྔོན་མའི་གཏམ་རྒྱུད་ལ་དོགས་སློང་བྱས་བས། སྡེ་མི་ཚང་མ་མགོ་འཐོམ་ནས་གང་ལ་ཉན་དགོས་བའང་མ་ཤེས་བར་ནག་འཐོམ་མེར་ལྷག་ཡོད། 

  • loading
  • #2

    ཟ་ལེ་རྒྱལ། (Friday, 06 November 2009 11:48)

    གྲོགས་གློག་ཞགས་ལགས་་ནས་ངའི་རྩོམ་ཡིག་འདིར་མཐོང་ཆེན་གནང་བར་ཐུགས་རྗེ་ཆེ། རབ་བྱུང་ན་རང་གི་ལྟ་ཚུལ་རེ་གསུང་རོགས།

  • #1

    གློག་ཞགས། (Thursday, 05 November 2009 19:58)

    འདི་མོ་རྩོམ་ཡག་པ་ཞིག་བྲིས་ཡོད་ཁུ་མོ། ད་མ་ངུ། ཀུན་བཟང་སྐྱིད།