ད་མ་ངུ། ཀུན་བཟང་སྐྱིད
གངས་རི་སྐྱབས་བརྒྱུད་ནས་བསྐུར་བའི་འཕྲིན་ཡིག་དེ་འབྱོར་སོང་
འདང་རེ་བརྒྱབས་ནས་ཚིག་རེ་བཤད་པའི་ཁྱོད་ཀྱི་གཤིས་ཀ་དེ་ད་དུང་ཡོད་དམ
ཨིན་ཧིན། ངས་མི་ཤེས་ཟེར་བཞིན་རྐང་མགོར་བལྟད་ནས་ཅི་ཞིག་ལ་བསམ་བློ་གཏོང་
དགོང་མོ་དེར་ངུས་ངུས་རྗེས་ཅི་ཡང་མི་བཤད་དོན་ཅི
ང་ཁྲོ་ལང་མེད་ཅེས་བའི་ཚིག་འབྲི་དེ་གཅིག་པུ་ཁྱོས་ང་ལ་བྱིན་པའི་ལམ་རྒྱག་ཡིན
དུས་དེ་ནས་བཟུང་ངས་སྙིང་གཏམ་དྲོད་མོ་ཞིག་གི་ཁ་དོག་རིག་མ་མྱོངས
ད་མ་ངུ། ཀུན་བཟང་སྐྱིད
ཨ་ཁུ་འཇམ་གྲགས་ཀྱིས་ཞབས་བརྟེན་གྱེར་དུས་ཁྱོས་མིག་ཆུ་ཕུད་དོན་ཅི
ཁོས་ཟ་ལེ་རྒྱལ་ལ་བློམ་རྒྱུ་མེད་ཨེ་ཟེར་གི
ཁོས་ཀུན་བཟང་སྐྱིད་ལ་ཤ་ཚ་ནི་ཡིན་ཨེ་ཟེར་གི
ཁྱོད་མེད་པའི་འཚོ་བ་དེ་ངས་བོར་ཟིན་པའི་ལོ་ཟླ་ཡིན་ ཁྱོའི་རྣར་ཨེ་འགྲོ་གི
ཨིན་ཧིན། ངས་མི་ཤེས་མ་ཟེར། ཀུན་བཟང་སྐྱིད
ང་སོང་ཤུལ་ནས
ཁྱོད་ལ་རྡ་རྡ་ཚང་གི་རྡོ་རྡོས་ཐུབ་ཚོད་ཨེ་བྱས་ཐལ
ཁྱོད་ལ་མགོན་ཐོ་ཚང་གི་དགེ་བོས་ཁ་རྒྱགས་ཨེ་བཤད་ཐལ
ཁྱོད་ལ་ཨ་མ་ཁ་བྷོས་ངོ་མཚང་ཨེ་དྲིས་ཐལ
ཁྱོས་མགོ་བོ་བསྒུར་ནས་མིག་ཆུ་ཕྱི་བཞིན་ང་ལ་ལོས་བརྡ་ཨེ་བྱས
ད་མ་ངུ། ཀུན་བཟང་སྐྱིད། ངས་ངོ་མ་ནོར་སོང
ངས་བྱིས་བློ་སྙི་མོ་འདིའི་སྣེ་མོ་ན་རྒྱལ་ཁ་ཞིག་ཡོད་པར་འདོད་ནས
ངས་རང་ས་རང་ཡུལ་འདིའི་རྒྱབ་ལོག་ན་རང་དབང་ཞིག་ཡོད་པར་འཕྲུལ་ནས
ངས་བརྩེ་བ་ལས་རང་དབང་རྩིས་ཆེན་བྱས་ནས
ང་འདི་ལྟར་འཕྲུལ་ནས
ངས་འདི་ལྟར་བསམ་ནས
ངས་ཆ་ཚང་འདི་ལྟར་ནོར་སོང
ད་མ་ངུ། ཀུན་བཟང་སྐྱིད
སྡུག་ལ་ཡལ་རྒྱུ་མེད་རུང་རྙིང་རྒྱུ་ཡོད
སེམས་པ་ལྷོད་ནས་ངག་སྒོ་ཕྱེས་དང
ངས་ར་སྙིང་གཏམ་གཙང་མ་ཞིག་གི་ནེམ་ཤ་ཚོར་ན་འདོད
ད་མ་ངུ། ཀུན་བཟང་སྐྱིད

