ཟ་ལེ་རྒྱལ་གྱི་ཟིན་བྲིས།

དུར་སའི་ངུ་འབོད།


ཤི་བོར་ལ་རྒྱ་ཡོད་པས། གསོན་པོར་ངོ་ཚ་ཡོད་དགོས།
ཟ་ལེ་རྒྱལ་ནས།


ང་ནི་སུམ་ཅུའི་འཐབ་ར་ནས་གྱར་བའི་རྣམ་ཤེས་ཤིག་ཡིན།
གང་ནའང་དྲང་བདེན་དང་གནས་ལུགས་བཤད་ས་མི་འདུག
ངས་ཞི་བའི་ངོ་རྒོལ་བྱས་བ་སྙིང་སྟོབས་མེད་པས་རེད་ཟེར།
ངོ་རྒོལ་ནི་ངོ་རྒོལ་ཏེ། ཁྱི་སྐྱག་ལ་གཙང་རྩོག་མེད་ཟེར།
དྲག་པོ་ལ་ཞི་བ་བྱེད་མི་ཉན་པའི་གནས་ལུགས་ཀྱང་མང་པོ་བཤད་སོང༌།
བཟང་ལ་བཟང་ལན་མེད་ན་བཟང་བྱེད་མཁན་ཇེ་ཉུང་ཡིན་ཟེར།
ངན་ལ་ངན་ལན་མེད་ན་ངན་བྱེད་མཁན་ཇེ་མང་ཡིན་ཟེར།
ཞི་བའི་ངོ་རྒོལ་ལ་གཉིས་ཕན་གྱི་བསམ་བློ་ཡོད་པར་ཕྱི་མ་ནའང་དགོས་ཁ་མི་འདུག
རྡོས་རྡོ་ལ་རྒྱོབས་ཟེར།
སྒོ་ངས་སྒོ་ངར་རྒྱོབས་ཟེར།
རྡོས་སྒོ་ངར་མ་རྒྱག་ཟེར།
ལྷག་པར་དུ་སྒོ་ངས་རྡོ་ལ་མ་རྒྱག་ཟེར།
སངས་རྒྱས་ལ་བདེ་སྡུག་གི་ཚོར་བ་མེད་པས་དྲག་པོར་ཞི་བ་བྱེད་ཐུབ་ཟེར།
སྟག་མཆོང་ས་ལ་བྱི་ལ་མཆོང་མི་ཐུབ་ཟེར།
སངས་རྒྱས་བར་འདོད་ན་ངོ་རྒོལ་མ་བྱེད་ཟེར།
ངོ་རྒོལ་བྱེད་འདོད་ན་ཞི་དྲག་ལ་ཁྱད་པར་མེད་ཟེར།
ཞི་བ་དང་ཞི་བ་མཉམ་དུ་སོང་ཟེར།
དྲག་པོ་དང་དྲག་པོ་མཉམ་དུ་སོང་ཟེར།
མེ་སྒྱོགས་ཀྱི་སོ་ཁ་ནས་མ་ཎི་མ་འདོན་ཟེར།

ཕྱི་མ་ནའང་རྒྱ་མི་མང་གི་ཟེར།
དཔལ་འབྱོར་གྱི་རྒྱབ་རྩ་མཐུག་གི་ཟེར།
འགྲོ་འདུག་གི་མལ་ཁ་ཡངས་གི་ཟེར།
ང་ལ་མ་ཎིའི་བསགས་གྲངས་ཙམ་ལས་ཅི་ཡང་མི་འདུག་ཟེར།
དེ་ལའང་སེམས་པ་རྣམ་དག་ཡིན་མིན་གྱི་དོགས་པ་འདུག་ཟེར།
ངོ་མ་གང་ནའང་གནས་ལུགས་དང་རྒྱུ་མཚན་བཤད་ས་མི་འདུག
ཤུལ་ལུས་ཀྱི་སྤུན་ཟླ་ཚོ།
དེ་རིང་ནས་བཟུང།
རྡོས་རྡོ་ལ་རྒྱོབས།
སྒོ་ངས་སྒོ་ངར་རྒྱོབས།
ཡིན་ནའང་སྒོ་ངས་རྡོ་ལ་མ་རྒྱག་རོགས།
སྙིང་སྟོབས་ཡོད་ན་གནས་ལུགས་གྱི་ཐོ་བ་དང་རྒྱུ་མཚན་གྱི་མེ་མདའ་འཁུར་ནས་ཤོག
ཁ་སྟོང་ནང་གི་ཚིག་སྟོང་མ་བཤད་རོགས།
ཤི་བོར་ལ་རྒྱ་ཡོད་པས། གསོན་པོར་ངོ་ཚ་ཡོད་དགོས།
ཤི་གསོན་གྱི་ཁྱད་པར་ཙམ་ལས་ང་ཚོ་ཚང་མ་སྤུན་ཟླ་རེད།
ཁ་བ་དཀར་བོ་ལགས། ལྷ་ཆབ་སྦྱིན་པ་ལགས།་          
ངས་བར་དོའི་ཁྲིམས་ཁང་ན་ཁྱོད་ཚོར་སྒུག་ནས་བསྡད་ཡོད།
སྙིང་སྟོབས་ཡོད་ན་གནས་ལུགས་གྱི་ཐོ་བ་དང་རྒྱུ་མཚན་གྱི་མེ་མདའ་འཁུར་ནས་ཤོག

 

འདོན་སྤེལ།: ༢༠༠༩/༠༥/༠༦

 

  • loading

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།