མོའོ་ཙེ་ཏོང་གི་རོ་སྒམ་ལ་འཁོར་གསུམ་བསྐོར་བའི་ཉིན་མོ།
མི་ལོ་ཉི་ཤུའི་ཡར་སྔོན་གྱི་དེ་རིང
གནམ་སས་བར་མཚམས་བཀྱགས་པའི་ཉིན་མོ་ཡིན་ལ
མིག་ཆུ་བཞུར་ཤུལ་ནས་མེ་ཏོག་སྐྱེས་བའི་ཉིན་མོ་ཡིན
མི་ལོ་ཉི་ཤུའི་ཡར་སྔོན་གྱི་དེ་རིང
མེད་པོའི་སླ་ངར་ཁུ་ཞག་འཁྱིལ་བའི་ཉིན་མོ་ཡིན་ལ
དྭ་ཕྲུག་གི་ངག་ལ་གླུ་སྐད་འཁོར་བའི་ཉིན་མོ་ཡིན
མི་ལོ་ཉི་ཤུའི་ཡར་སྔོན་གྱི་དེ་རིང
ལུག་རྗི་ཚོས་བྱང་ཐང་ནས་ཀུ་རྡིར་བྱས་བའི་ཉིན་མོ་ཡིན་ལ
ནོར་རྗི་ཚོས་རི་མགོ་ནས་དུང་དཀར་བུས་བའི་ཉིན་མོ་ཡིན
མི་ལོ་ཉི་ཤུའི་ཡར་སྔོན་གྱི་དེ་རིང
ངས་རི་འདབས་ཀྱི་ཁང་བརྩེགས་མཐོན་པོར་ངོ་མཚང་དྲིས་བའི་ཉིན་མོ་ཡིན་ལ
ངས་ཁྱིམ་མཚེས་ཚང་གི་སྒོ་འགྲམ་ནས་ལ་གཞས་བླངས་བའི་ཉིན་མོ་ཡིན
མི་ལོ་ཉི་ཤུའི་ཡར་སྔོན་གྱི་དེ་རིང
ངས་བདེ་སྐྱིད་ལ་ལག་འཇུ་བྱས་བའི་ཉིན་མོ་ཡིན་ལ
ངས་སྡུག་བསྔལ་ལ་རྡོག་རྫིས་བརྒྱབས་པའི་ཉིན་མོ་ཡིན
མི་ལོ་ཉི་ཤུའི་ཡར་སྔོན་གྱི་དེ་རིང
ངས་གནམ་བདེ་སྒོ་མོ་ཆེ་ནས་རྟགས་གསལ་བཏང་བའི་ཉིན་མོ་ཡིན་ལ
ངས་མོའོ་ཙེ་ཏོང་གི་རོ་སྒམ་ལ་འཁོར་གསུམ་བསྐོར་བའི་ཉིན་མོའང་ཡིན།
༧ཡིད་བཞིན་ནོར་བུས་ཞི་བདེ་གཟེངས་རྟགས་བཞེས་ནས་མི་ལོ་ཉི་ཤུ་འཁོར་བའི་དུས་དྲན་ལ་དགའ་སྤྲོ་ཆེན་པོས་དབྱངས་སུ་གྱེར། ༢༠༠༩ ༡༢ ༡༠ །

