ཨ་རོགས་ཚོ། རང་ཉིད་ལ་ཚང་རྩིས་བྱོས།
ང་རང་ཁེར་རྐྱང་གིས་མདུན་དུ་སྐྱོད་སྐབས་བསམ་གཞིགས་ཀྱི་སྣེ་མོ་ཤུལ་དུ་ལྷག
རྒྱབ་ལོག་ནས་གྲགས་པའི་ཁྲོག་སྒྲ་དེ་སྙིང་སྡུག་མའི་གོམ་སྒྲ་ཡིན་ན་བསམ
ཕྱིར་མིག་གིས་བལྟས་པས་ལོ་མ་དམར་བོ་ཞིག་ལམ་འགྲམ་ན་ལྷབ་ལྷབ་གཡོ
ངས་རང་གི་རྣམ་ཤེས་འཕུར་སོང་བར་དོགས་ནས་རང་ཉིད་ལ་ཚང་རྩིས་བྱས
ཡོད་ཚད་སྔར་བཞིན་འདུག་མོད་བརླ་བར་ནས་སྐྱེས་བའི་ཤ་ལྷག་དེར་ང་རང་དོ་སྣང་བྱུང་
མགོ་ན་ར་དང་ཁ་ན་སོ་མེད་ཀྱང་སུ་ཞིག་གི་གློ་མཆིན་ཟ་འདོད་ཀྱིས
ཧམ་སེམས་ཀྱིས་ལན་མང་འཕགས་ཀྱང་བློ་ཕམ་གྱིས་ཡང་ཡང་འགྱེལ
ངས་ཁོ་ལ་བྱིལ་བྱིལ་བྱེད་བཞིན་ཁ་བརྡ་བྱས
ངས་ཁོ་ལ་སེམས་གསོ་བྱེད་བཞིན་རྒྱུས་ལོན་བྱས
ཁོ་ལ་ཧམ་པ་ཞིག་ལས་དམིགས་ཡུལ་མི་འདུག
ཁོ་ལ་རེ་བ་ཞིག་ལས་འཆར་གཞི་མི་འདུག
ཁོ་ལ་རང་ཚུགས་མི་འདུག་ལ་སྒལ་ཚིགས་ཀྱང་མི་འདུག
མདོར་བསྡུས་ན་ཁོ་ལ་ཅི་ཡང་མི་འདུག
ངས་གཞི་ནས་རང་གི་སྙིང་སྡུག་མའི་རླ་བར་སྟོང་བ་ཡིན་དོན་ཤེས་ལ
ངས་གཞི་ནས་རང་གི་སྙིང་སྡུག་མ་རིང་དུ་གྱེས་དོན་ཚོར
ངས་གཞི་ནས་ཞོགས་དུང་གིས་བཤད་པའི་སྒལ་ཚིགས་ཅན་ཞེས་བ་དེའང་ཚོར
ཨ་རོགས་ཚོ། ངོ་མ་མི་ལ་སྒལ་ཚིགས་དགོས
མི་ལ་སྒལ་ཚིགས་མེད་ཚེ་བརླ་བར་གྱི་ཤ་ལྷག་དེ་དང་ཁྱད་མི་འདུག

