ང་ཡོང་གི་ཡོད། ཀུན་བཟང་སྐྱིད།



ལམ་བར་ནས་ལྷག་པའི་བརྩེ་དུང༌།


ངས་ཕོ་ལོ་ཉི་ཤུའི་སྣང་བ་རུམ་ནས་ཤར་ཕྱོགས་སུ་འཐེན་པའི་ལམ་ཕྲན་དེ་དེད་ནས་མདུན་ནས་མདུན་དུ་སོང༌། ང་ལ་ཡིད་འགུག་པའི་སྐད་ངག་མེད་ནའང༌། ངས་ལ་གཞས་ལེན་བཞིན་རང་ཉིད་ལ་ཡུན་རིང་བསྒུགས་པའི་སྙིང་སྡུག་མ་དེ་ཁོ་ན་སྒོམ་བཞིན་མདུན་དུ་སོང༌། ལམ་འགྲམ་གྱི་མེ་ཏོག་ཡག་ནའང༌། ལུག་རྫི་བུ་མོའི་ལ་གཞས་སྙན་ནའང༌། ངས་རང་གི་སྙིང་སྡུག་མ་ཁོ་ན་སྒོམ་བཞིན་མདུན་དུ་སོང༌། རྟ་རྒན་གྱིས་ངལ་གསོ་བྱེད་བཞིན་མེ་ཏོག་འགའ་ཟ་བའི་རེ་བ་ཞུས་ཀྱང༌། ངས་རེམ་མ་འགྲོ་ཞེས་ཡོབ་བརྡུང་བྱས། ངའི་རྟ་ཕོས་རྨིག་འོག་ནས་ལོ་ཟླའི་འཁོར་ལོ་བསྐོར། ཐང་བདེ་མོ་ཞིག་ཐད་དུ་བཅད་དེ་རི་མཐོན་པོ་ཞིག་དུམ་བུར་གཏུབ་ན་ངའི་རྨི་ལམ་གྱི་ཞིང་ཁམས་དང་ངའི་སྙིང་སྡུག་མའི་དབྱར་ས་ཡིན། གནས་དེ་རུ་ལུག་རྫི་བུ་མོ་དང་མེ་ཏོག་སེར་ཆེན་མཉམ་དུ་སྐྱེས་ཡོད། ངས་སྣང་བརྙན་འདི་ཁོ་ན་བསྒོམས་ནས་རྟ་རྒན་ལ་ཡོབ་བརྡུང་བྱས། མོས་ཅི་ཡང་མི་བཤད་པར་ངའི་ལག་མགོ་ནས་བཟུང་སྟེ་ཡུན་རིང་བསྡད་རྗེས་མིག་ཆུ་ཕྱི་བཞིན་མགོ་བཀྱགས་ནས་ཁྱོད་ཐོན་དང་ངམ་ཟེར་ངེས། ངས་འདི་ལྟར་བསམ་བཞིན་ཡང་བསྐྱར་རྟ་རྒན་ལ་ཡོབ་བརྡུང་བྱས། ཞེ་སྡང་དང་འཁོན་སེམས་ཅི་ཡང་མེད་པར་མོས་ང་ལ་འཁང་ར་ཞིག་བྱེད་ངེས། མོས་ང་ལ་ཁུ་ཚུར་ཡང་མོ་ཞིག་སྟེར་ངེས། མོས་ང་ལ་དྲི་བ་མང་པོ་ཞིག་འདྲི་ངེས། མོ་ང་ལ་འཐམས་ནས་ཡུན་རིང་འདུག་ངེས། མོས་ང་རང་ཕྱིར་མི་འགྲོ་བའི་ཞུ་བ་བྱེད་ངེས། ངས་འདི་ལྟར་བསམ་བཞིན་བྲེལ་བ་ལངས་ཏེ་རྟ་རྒན་ལ་ཡོབ་བརྡུང་བྱས། ལོ་ཟླ་དང་ལོ་ཟླ་བརྩེགས་ནས་དབྱར་དགུན་མེད་པར་ངས་རྟ་རྒན་ལ་ཡོབ་བརྡུང་བྱས།

ལམ་བར་ནས་མཚེའུ་དྭངས་མོ་ཞིག་མཐོང་ནས་རྟ་རྒན་དང་ངེད་གཉིས་ཀས་ངལ་གསོ་ཅུང་ཙམ་བྱས། ངས་མཚོ་ནང་ལ་བལྟས་པས་ངོ་ཚུགས་ངའི་ཨ་ཕ་དང་འདྲ་བའི་རྒད་པོ་ཞིག་གིས་ང་ལ་བལྟས་བསྡད་འདུག ངས་ཞིབ་དུ་བལྟས་པས་ངས་རང་ཉིད་ངོ་ཤེས། ད་ང་ངོ་མ་རྒས་འདུག ཡིན་ནའང་ངས་བསམ་བློ་གཏོང་བཞིན་ད་དུང་མདུན་དུ་སོང༌། མོས་ང་ངོ་ཤེས་རྒྱུ་ཡིན་ནམ། མོ་ད་དུང་དབྱར་ས་ན་ཡོད་དམ། ངའི་མིག་ལམ་ན་མོ་ད་དུང་ལོ་ན་བཅུ་དྲུག་རེད། ད་དུང་དབྱར་ས་ན་མེ་ཏོག་དང་མཉམ་དུ་དཀར་ཤ་དམར་མདངས་དང་བཅས་ངའི་མིག་ལམ་ནས་ཇེ་གསལ་ཇེ་གསལ་རེད། ངས་རྟ་རྒན་ལ་ཡོབ་བརྡུང་བྱས། 

ལམ་དཀྱིལ་ལ་བསླེབས་ཚེ་ཁྱི་རྒན་ཞིག་བརྒྱུགས་ཡོང་ནས། བོབས། བོབས་ཞེས་ངའི་འགྲོ་ལམ་བཀག ངས་མི་ཁོམ་པའི་བརྡ་ལ་མགོ་བོ་གཡུག་བཞིན་ད་དུང་མདུན་དུ་སོང༌། ངས་ཁྱི་རྒན་དེར་ང་རང་གང་ལ་འགྲོ་བའི་གནས་དང་ང་དེ་རུ་འགྲོ་བའི་དོན་ཅི་ཡང་གསལ་འདེབ་བྱས་མེད་ནའང༌། ཁོས། བོབས། བོབས། ཀུན་བཟང་སྐྱིད་གནས་ལ་བུད་སོང་བས་ཁྱོད་གང་ལ་འགྲོའམ། བོབས། བོབས་ཟེར། ངས་རྟ་ཁ་འཐེན་ནས་ཧད་དེ་བསྡད། ཁྱི་ཕྲུག་འགས་ཧ་ཧ། ཧ་ཧ་ཟེར་བཞིན་ངའི་མཐའ་བསྐོར་ནས་ཡར་རྒྱུག་མར་རྒྱུག་བྱས། ང་རྟ་ལས་བབས་ཏེ་རྡོ་ལོག་འགའ་བཟུང་ནས་ཁྱི་ཕྲུག་ཚོ་ལ་བདའ་ལུང་བདའ་བྱས། 

ཁྱི་སྐད་འདི་བདེན་དུ་མི་སྲིད་མོད། གལ་ཏེ་བདེན་པའི་དབང་དུ་བཏང་ན་ང་གང་ལ་འགྲོ། ད་ནི་ལམ་དཀྱིལ་ལ་བསླེབས་ཟིན་པས་ཕར་སོང་ན་ལམ་ཐག་རིང་ལ་ཕྱིར་སོང་ནའང་ལམ་ཐག་རིང༌། ང་རང་ས་ལ་བསྡད་དེ་བསམ་བློ་བཏངས། ཤེས་མེད་ཚོར་མེད་ཀྱིས་མི་ཚེ་ཕྱེད་ཀ་ཚར་ཟིན་པས་ང་ལ་ཐེ་ཚོམ་དང་ཞེད་སྣང་མཉམ་དུ་སྐྱེས། ངས་རང་གི་སོར་མོ་སོ་ཡིས་གཅོད་བཞིན་བསམ་བློ་བཏངས། ངས་མིག་གིས་མཐོང་ཚད་ན་སྐྱེས་བའི་མེ་ཏོག་ཚང་མ་ཞེ་སྡང་གིས་བཏོག་ནས་རྟ་རྒན་ལ་བྱིན། གཡང་ལ་བོ། དྲིན་ཆེན་པོ། ང་དང་ནམ་ཡང་འགལ་མ་མྱོང་བ་ཁྱོད་ཁོ་ན་ཡིན། 

 

  • loading