ཟ་ལེ་རྒྱལ་གྱི་ཟིན་བྲིས།

ཉོག


                                    ཟ་ལེ་རྒྱལ།
    དུས་བབ་ཚང་གི་གཡས་ཕྱོགས་ཀྱི་ས་ངོས་ལེབ་མོ་དེ་རུ་གསར་འབྱོར་ཚོས་ཁྱིམ་གཞི་ཆུང་ཆུང་རེ་བཟུང་སྟེ་རང་རང་གི་འཚོ་བ་སྐྱོང་གི་ཡོད། ངས་དེ་རིང་སྔ་དྲོ་ཞིབ་རྩིས་བྱས་བར་གནས་འདི་རུ་སྐྱ་ཆད་སྔོ་སྡུག་གི་ཁྱིམ་ཚང་དགུ་བཅུ་གོ་བདུན་འདུག ཁོ་ཚོར་ཟ་འཐུང་གི་ཆ་རྐྱེན་ཞན་ནའང༌། རང་རང་ལ་དཔག་པའི་ཁ་ཟས། འབྲས་དང་རྡ་ལི། བག་ལེབ་སྐམ་པོ། ཤ་མེད་ཐུག་པ་སོགས་ལ་རོལ་གྱིན་ཡོད་ལ། ལོ་གསར་དང་དུས་ཆེན་ཚོའི་སྐབས་སུ་ཁྱིམ་ཚང་ལ་ལར་མོག་མོག་དང་འཐེན་ཐུག་ཞིམ་པོ་རེ་འཐུང་རྒྱུ་ཡོད། ཡིན་ནའང་རྒྱུན་སྤྱོད་ཀྱི་ཟ་མ་ནི་ཉོག་ཡིན། འཚོ་བའི་ཆ་རྐྱེན་འདི་ལྟར་ཞན་ནའང་ལུགས་སྲོལ་ཡག་པོ་ཞིག་ཡོད་པ་ནི་སུ་ཚང་ལ་སོང་ནའང་ཁྱོས་ཟོ་ཁྱོས་འཐུང་ཞེས། རང་གི་ཟས་འཕྲོ་འཐུང་འཕྲོར་སེར་སྣ་མི་བྱེད་པར་མགྲོན་བསུ་བྱེད་པ་དེ་ཡིན། བཞུགས་ཁྲི་མཐོན་པོའི་སྟེང་ནས་རྒྱས་ཟ་རྒྱས་འཐུང་ལ་གོམས་པའི་ཕྱུག་བདག་ཚོ་འདི་རུ་ཉོག་ཟ་རུ་ཡོང་འདོད་མེད་ལ་ཡོང་བའི་རེ་བའང་བྱེད་ཀྱིན་མེད། 

    ཉོག་ལ་གོམས་པའི་མྱི་འཁྱམས་ང་རྟ་བུར་མཚོན་ན་ཉོག་ལའང་ཉོག་གི་བྲོ་བ་ཡོད། ཡིན་ནའང་ཉོག་ལ་མེད་དུ་མི་རུང་བ་ནི་ཚྭ་ཡིན་པས། དྲང་མོར་བཤད་ན་ཚྭ་མེད་པའི་ཉོག་ལ་ཁ་རེག་མཆུ་རེག་རེ་བྱེད་པ་ཙམ་ལས་ཟ་རྒྱུ་ངོ་མ་ཁག་པོ་རེད། 

    མཚམས་རེར་ཨ་ཁུ་ལྷ་ཆབ་ཚང་གི་ཕ་གཞིས་ན་ཉོག་ཞིམ་པོ་རེ་ཟ་རྒྱུ་འདུག་མོད། ཁྱིམ་བདག་གི་ངོ་ན་འཛུམ་མདངས་མེད་པའི་ཁར་ཁོ་མགྲོན་པོ་ཚོའི་ཐོག་ལ་སྐད་ལོག་བྱེད་རྒྱུར་གོམས་ཡོད། ནམ་རྒྱུན་རྒད་པོ་སེམས་བཟང་ཞིག་ཡིན་ནའང་ཁོ་ལ་ཁ་བཙན་པོ་ཞིག་ཡོད་པ་དེར་མི་ཚང་མ་སྐྲག་གི་ཡོད། ན་ནིང་ནས་དྲ་འབུ་ཞེས་བའི་ན་ཚ་འཇིགས་པོ་ཞིག་འཁྱབ་བརྡལ་དུ་སོང་ནས་ད་ལྟ་རྒད་པོས་རིག་པ་སྒྲིམ་བཞིན་པའི་སྒང་ཡིན། སྤྱིར་ཁ་ནས་ལས་འབྲས་དང་དགེ་སྡིག་འཆད་བཞིན་པའི་རྒད་པོ་ཉམ་ཆུང་ཞིག་ཡིན་ནའང་ཁོ་ལ་ཆུང་མ་མཛེས་མ་ཞིག་ཡོད་པ་དེའི་འཕྲོད་བརྟེན་ལ་འཛེམ་ནས་དྲ་འབུ་རིག་ན་གསོད་རྐྱང་བྱེད། དེ་བས་མི་ཚང་མས་རང་རང་ས་ན་ཉོག་དཀྲུག་བཞིན་བསྡད་ཡོད། 

   གཞན་ཨ་ཁུ་ཁ་བ་དཀར་བོ་ནི་བླ་རྒན་ཞིག་ཡིན་ནའང༌། ཁོས་ཁ་འདོན་ཅི་ཡང་མི་བྱེད་པར་མི་ཚེ་གང་བོར་ལ་གཞས་ལེན་བཞིན་ཉོག་ཏག་ཏག་དཀྲུག་ནས་བསྡད་པས། ཁོའི་ཉོག་ལ་གཞན་དང་མ་འདྲ་བའི་བྲོ་བ་རེ་ཡོད་མོད། དེང་སྐབས་ལོ་ནམ་ཚའི་དབང་གིས་རིག་པ་གནད་དུ་མ་ཚུགས་པར་སྐབས་རེར་ཉོག་ལ་ཚྭ་མང་བ་དང་སྐབས་རེར་ཚྭ་ཉུང་བའི་སྐྱོན་ཕྲ་མོ་རེ་ཡོང་གི་ཡོད། གང་ལྟར་ཁྱིམ་ཚང་འདི་གཉིས་ནི་ང་རང་རྒྱུན་དུ་ཉོག་ཟ་རུ་འགྲོ་ས་ཡིན། 

   ཁྱིམ་ཚང་འདི་དག་ལ་དང་བླང་གཞི་བདག་གསོན་པོ་ཞིག་ཡོད་ལ་ཚང་མས་གུས་བཀུར་གྱི་རྣམ་པ་མཚོན་ཕྱིར་ཨ་ཁུ་གཞི་བདག་ཚང་དུད་ཁྱིམ་ཚང་མའི་གོང་ན་ཡོད། ངོ་མ་གཞི་བདག་མྱུར་མོ་ཞིག་ཡིན་པས་ཐེངས་གཅིག་བོས་ན་ཐེངས་དགུར་ཡོང་ལ། མཚམས་ལན་རེར་མ་བོས་ནའང་ཡོང༌། སེམས་པ་རྣམ་དག་གི་གཞི་བདག་ཉམ་ཆུང་འདི་ལ་ཉོག་རྐྱང་རྐྱང་ལས་ཅི་ཡང་མི་དགོས། དྲང་མོར་བཤད་ན་ཁོ་ནི་སྡེ་བ་འདིའི་ཤ་ཁྲག་རུས་གསུམ་ཡིན་ལ་ལྷ་ཀླུ་གཉན་གསུམ་ཡང་ཡིན པས། སྡེ་མི་ཚང་མས་ཁོ་ལ་ཉོག་མཆོད་ཕུལ་ནས་ད་ནི་ཁོ་ལ་ཉོག་གི་རི་བོ་ཆུང་ཆུང་ཞིག་ཡོད། ཉོག་མང་ཤོས་རུལ་ནས་ཟ་ཐབས་བྲལ་ནའང་ཁོས་ད་དུང་དེ་དག་མཛོད་དུ་ཉར་ནས་བསྡད་ཡོད།

   ནམ་རྒྱུན་མགྲོན་པོ་འཁོར་ས་ནི་ཨ་ཅེ་ཚེ་རིང་སྐྱིད་ཚང་ཡིན་ལ། དེ་ནི་མོའི་ཉོག་ལ་དམིགས་བསལ་གྱི་བྲོ་བ་མེད་ནའང་མོའི་ངོ་གདོང་མཛེས་བའི་ཁར་མོ་རང་མོ་རྐྱང་ཡིན་པས་མགྲོན་པོ་གྲྭ་བ་དང་གྲྭ་ཟུར་ཚང་མ་མོའི་ཉོག་ཟ་རྒྱུར་གོམས་ཡོད། ཡིན་ནའང་མོ་ལ་ཉོག་བཤད་མང་པོ་བྱས་ཚེ་བུད་མེད་ལ་མཐོང་ཆུང་མ་བྱེད་ཅེས་ཀུ་རིང་ཞིག་འདེབ་ངེས་ཡིན་པས། མི་ཚང་མས་མོའི་ཉོག་ལ་རོ་མྱོང་རེ་བྱས་ཏེ་ཉོག་ཞིམ་པོ་འདུག་ཟེར་བཞིན་རང་སར་ལོག་འགྲོ། 

  སྐབས་རེར་ནང་ཁུལ་ནས་ཁ་རྩོད་ཉ་ཉུང་རེ་བྱེད་མོད་སྤྱིར་ཁོ་ཚོ་ཚང་མ་འཆམ་མཐུན་གྱི་འཚོ་བར་དགའ་བོ་ཡོད་པས། ན་ནིང་དབྱར་ཁར་སྟག་སྨོན་པ་ཞིག་གིས་ཉོག་གི་ནང་དུ་གཅིན་པ་བཏང་བར་སྡེ་མི་ཚང་མས་རུབ་བརྡུང་བྱས་ནས་སྟག་དམར་ཡག་ཅིག་ས་ལ་བསྙལ། 

 

ཨ་ཡོ་ཨེ། ངའི་མཁལ་མ་འདི་ད། ཡ་ད་ཞ་ཡུས་ཚོའི་གཅིག་གིས་ཤོད་ར།

 

འདོན་སྤེལ།: ༢༠༠༩/༠༥/༠༨

 

  • loading

རྩོམ་ཡིག་གསར་བ་རྩམ་པའི་ནང་ན་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན།

མཚོ་སྔོན་པོའི་ཟིན་བྲིས། མཚོ་སྔོན་པོའི་ཟིན་བྲིས།

བོད་ཀྱི་དུས་བབ།

ཨེ་ཤ་ཡ་རང་དབང་རླུང་འཕྲིན།

གསལ་ལེ་རྒྱལ་གྱི་ཀུ་ཀོ།