མ་རྡོ་ན།
མ་རྡོ་ནའི་རུམ་ནས་ཁྱོད་རང་དྲན། ཀུན་བཟང་སྐྱིད།
དྲན་གདུང་འདི་སེམས་ལ་ཉར་ནས་མི་ཁ་ལ་མཛེན་བཞིན་མི་ལོ་ཉི་ཤུ་འདི་ལྟར་བཞུད་ཟིན་པའི་དེ་རིང་ད་དུང་ཡང་ངས་མ་རྡོ་ནའི་རུམ་ནས་ཁྱོད་རང་དྲན། ཀུན་བཟང་སྐྱིད། ལྷང་འཇགས་མང་བའི་རྩྭ་ཐང་ནས་ལྷང་འཇགས་ལ་སུན་སྣང་གིས་འཚོ་བའི་ལུག་རྫི་བུ་མོ་ཁྱོད་ངས་ད་དུང་ཤིན་ཏུ་དྲན་པས། ངས་རང་ཉིད་ལའང་ཁྲེལ་གཞུང་ཅུང་ཙམ་ཡོད་པའི་གདེངས་ཚོད་བརྙེད།
རོགས་ཆུང་ལོ་སྙིང་ལ་རྗེ་བོ་དབྱངས་ལ་འགུག་བཞིན་འཁང་ར་དང་ལས་བརྡ་ཅི་ཡང་མེད་པར། དྭངས་གཙང་གི་སེམས་པ་ད་དུང་ཡང་ང་ཁོ་ནའི་མཁའ་མཐར་ཕྱོགས་པ་དེ་ཅིའི་འདྲའི་ཡིད་འགུག་ཅིང་ཞེ་རྨོངས་བ་ཞིག་རེད་འང་།
ཁ་སང་གྲྭ་ས་ནས་རྩྭ་ཐང་ལ་ཡོང་བའི་གསར་བུ་ཚོས་བརྩེ་བ་དང་ཕུགས་བསམ་མི་གླེང་བར་ལས་འབྲས་དང་བཟང་སྤྱོད་བཤད་པས་ངས་ཁྱོད་རང་ཤིན་ཏུ་དྲན། དྲན་གདུང་གི་མིིག་ཆུ་བཞུར་དུས་སྨན་པར་སྟོན་དགོས་བའི་ཨུ་ཚུགས་བྱས་པས་ངས་ཁྱོད་རང་ལྷག་ཏུ་དྲན་ཞེས་བའི་འཕྲིན་ཡིན་དེས་ངའི་སེམས་པ་ལ་ན་ཟུག་བྱིན། ངས་མིག་ཟུང་དལ་གྱི་བཙུམ་སྟེ་འཕྲིན་ཡིག་འདི་བློ་ནས་ཡང་ཡང་ཀློག་བཞིན་མ་རྡོ་ནའི་རུམ་ནས་ཁྱོད་རང་ཤིན་ཏུ་དྲན། ཀུན་བཟང་སྐྱིད། མི་ལོ་ཉི་ཤུ་འདས་ཟིན་པའི་དེ་རིང་ད་དུང་ཡང་བརྗེད་མི་ཐུབ་པའི་ཁྱོད་ཀྱི་མཐུ་སྣེ་དང་སྦྲ་ནག་གི་གྲུ་ཟུར་དེ་ན་བརྩེ་བ་དམར་བོ་ཞིག་གདན་ལ་འབྱར་ཡོད། ཁྱོད་དང་ཁྱོད་ལྟ་བུའི་བརྩེ་བའི་བདག་མོ་ཚོ་སྦྲ་ནག་དང་རྩ་ཐང་གི་ལྷང་འཇགས་ལ་འཐུམས་པའི་བརྩེ་དུང་གི་གཏམ་རྒྱུད་ན་ང་དང་ང་ལྟ་བུའི་བཙོན་མ་མང་བོ་མང་བོ་ཡོད། དྲན་གདུང་གི་ན་ཟུག་རྒྱས་ཐེངས་རེར་བརྩེ་དུང་གི་གཏམ་རྒྱུད་མི་གླེང་ག་མེད་རེད། ངས་སྙན་མོ་དང་སྐྱིད་པོ་བཤད་དུས་ཁྱོད་རང་དྲན་ལ་ངས་ཞིམ་པོ་དང་མངར་མོ་ཟ་དུས་ཁྱོད་རང་དེ་བས་དྲན། ཀུན་བཟང་སྐྱིད། ཁ་ཡག་བཤད་འདོད་མེད་ལ་ངོ་སོ་ལེན་འདོད་ཀྱང་མེད། དྲན་གདུང་གི་སྟེང་ལ་སྡུག་གཏམ་སྣོན་མི་འདོད་ནའང་གློ་བུར་གློ་བུར་ལ་བཤད་འདོད་པ་མང་བོ་མང་བོ་ཞིག་གིས་དེད་ཡོང་ནས་ངས་ཚིག་འགའ་འདི་ལྟར་མི་བཤད་ག་མེད་རེད།
ཟླ་བཞི་བ་དང་བྱ་ཁུ་ལོ། ད་དུང་མེ་ཏོག་གསེར་ཆེན་དང་སྤང་རྒྱན་མེ་ཏོག་སོགས་དྲན་ཤིང་གི་སྣོན་མ་མང་བོ་འུ་གཉིས་ཀའི་མིག་མདུན་ན་རྟག་ཏུ་ཡོད་པས་ངས་ཁྱོད་རང་བརྗེད་ཐབས་བྲལ། ཨ་མ་ལྷ་སར་སོང་ཤུལ་གྱི་བུ་ཕྲུག་དྭ་ཕྲུག་མིན་ཡང་གསོན་བྲལ་གྱི་དྲན་གདུང་འདི་དེ་ལས་མི་ལྗིའམ། ཁྱོད་ཕྱོགས་སུ་འཁོར་བའི་སེམས་པ་འདིས་ང་ལ་ལྷང་འཇགས་ཀྱི་དུས་ཚོད་ཅིག་ནམ་ཡང་བྱིན་མ་མྱོང་། ཀུན་བཟང་སྐྱིད། ཉི་ཤར་ནས་ཉི་ནུབ་བར་ངས་ཁྱོད་ཁོ་ན་བསམ་བཞིན་ཡིད་དུ་འོང་བའི་བརྩེ་དུང་གི་གཏམ་རྒྱུད་མང་བོ་བློ་བཟོ་བྱས་ཤིང་ཁེར་བཤད་བྱས། བརྩེ་བ་དང་ཆགས་པའི་ས་མཚམས་ཕྱེས་ཏེ་ངས་མ་རྡོ་ནའི་བརླ་བར་ནས་ཁྱོད་ཀྱི་བཞིན་རས་བསྒོམས། ངས་བརྩེ་བ་དང་ཁྱོད་ཀྱི་བཞིན་རས་ཁོ་ན་སྒོམ་བཞིན་འདི་ལྟར་བསྡད་ཡོད། ཀུན་བཟང་སྐྱིད།
ངའི་སྐྲ་ལོའི་ཁ་ཏོག་འགྱུར་ཡང་ངའི་བརྩེ་བ་ལ་ཆག་གྲིམ་ཤོར་མེད། ཁྱོད་ཀྱི་དཀར་ཤ་དམར་མདངས་ཆགས་པའི་བཞིན་རས་ཁོ་ན་སྒོམ་པས་ངའི་ཕོ་ལོ་ཉི་ཤུའི་སྣང་བ་ད་དུང་ཡལ་མེད། མདོ་ལ་རིང་མོའི་ལྡེབ་ཁུག་ན་སྣང་བ་སྣ་ཚོགས་ཀྱི་མཛེས་སྡུག་འཐུ་བའི་བརྩེ་དུང་གི་རྒྱལ་སྲས་དེ་ང་ཡིན། ཀུན་བཟང་སྐྱིད།
