རིགས་གཅིག་རྐང་འཛིན་པ་ཞིག།
རིགས་གཅིག་རྐང་འཛིན་པ་ཟ་ལེ་རྒྱལ་ངོ་སྤྲོད་མདོར་བསྡུས།
ཁོ་རང་དུས་རབས་ཉི་ཤུའི་བའི་སྨད་ལ་མཚོ་སྙིང་མ་ཧ་ཏེ་ཝའི་ལྷོ་ཕྱོགས་སུ་འཁྲུངས་ཤིང་། འཁྲུངས་མ་ཐག་ནས་མིག་གཉིས་ཤུགས་ཀྱིས་ཕྱེས་ཏེ་ཕྱོགས་བཞིར་ལྟ་བཞིན་ང་་་ང་་་ང་་་ཞེས་རང་གིས་རང་ལ་གཞན་ལས་གཅེས་བའི་རྟགས་མཚན་དང་བཅས་གསུང་བརྗོད་པས་ཕ་མ་གཉིས་ཡིད་སྨོན་ཤོར།
ཆུང་ངུའི་དུས་སུ་བྱིས་པ་གཞན་དང་འདྲ་བར་བེའུ་རྫི་ནས་ནོར་རྫི་དང་ནོར་རྫི་ནས་ལུག་རྫི་སོགས་ལས་གནས་རིམ་གྱིས་འཕར། ཡིན་ནའང་དགུངས་ལོ་བརྒྱད་ཀྱི་དུས་སུ་མ་ཡུམ་ཚེ་ལས་འདས་པས་ཕ་བུ་གཉིས་ཀས་དཀའ་སྡུག་གི་འཚོ་བར་ཡུན་རིང་འཐབས། དགུངས་ལོ་བཅུའི་སྟེང་ནས་རྩ་ཐང་གི་སྦྲ་གུར་ད་ཕྲུག་སློབ་གྲར་ཞུགས་ནས་འབྲི་ཀློག་ཐོག་མར་སྦྱངས། ཡུན་རིང་མ་སོང་བར་མཚན་མ་གཉིས་སྦྱོར་རིག་པའི་སྐོར་ལ་དོ་སྣང་བྱུང་ཞིང། རང་གི་ཕུ་བོ་དང་སྙིང་ཉེ་བ་འགའི་ས་ནས་ལྐོག་ཉན་དང་ཉན་ཟུར་མང་པོ་བྱས། རིམ་གྱིས་སྨག་རྒྱུ་དང་ཁྱི་བརྡུང་སོགས་རིག་པའི་རིམ་པ་རེ་རེ་སྤོས་ཞིང་། དགེ་འདུན་ཆོས་འཕེལ་དང་འཇུ་མི་ཕམ་བླ་མའི་བསྟན་བཅོས་གཙོ་བོར་བཟུང་སྟེ་སྦྱངས་བརྩོན་ལྷོད་མེད་བྱས་ཤིང། སེམས་རྒྱུད་མཐུན་པའི་མཁའ་འགྲོ་མ་ལྔ་བཅུ་ཙམ་གྱི་ཞབས་ལ་གཏུགས་ཏེ། དགུངས་ལོ་ཉི་ཤུའི་སྟེང་སྒྱུ་རྩལ་དྲུག་ཅུ་རེ་བཞི་ལས་རྒྱུན་སྤྱོད་སྒྱུ་རྩལ་ལྟེ་ནས་ཁ་སྤྲོད་ལ་བྱང་ཆུབ་པར་གྱུར་ཏེ། སྒྱུ་རྩལ་བ་ཆེན་མོ་སྨན་བླ་སྐྱབས་ཀྱིས་ཟ་ལེ་རྒྱལ་ཅེས་མཚན་གནངས།
ཕྱིས་སུ་ལམ་བར་གྱི་དཀའ་ངལ་དུ་མར་གདོང་ལེན་བྱས་ཏེ་རྒྱ་གར་འཕགས་པའི་ཡུལ་ལ་ཕེབས། ཡེ་ཟི་དང་ནོ་ནས་མགོ་བཙུགས་ཏེ་སྒྱུ་རྩལ་དྲུག་ཅུ་རེ་བཞིའི་མིང་ཚིག་ཚང་མ་བྱང་ཆུབ་པར་སྦྱངས། ཕྱི་རྒྱལ་ནས་ཕེབས་པའི་སྒྱུ་རྩལ་གྱི་སློབ་དཔོན་ཆེན་མོ་གང་མང་གི་ཞབས་ལ་སྤྱི་བོས་གཏུགས་ཏེ་དམར་ཁྲིད་གཙོ་བོར་བཟུང་བས། ཡུན་རིང་མ་འགོར་བར་འབྲུག་མོ་འབྲི་འདོག་དང་གུར་དཀར་གླང་ལྡིང་གི་སྒྱུ་རྩལ་སོགས་བསྟན་པ་ཙམ་གྱིས་འབད་མེད་དུ་བྱང་ཆུབ་པར་གྱུར།
དུས་རབས་ཉེར་གཅིག་པའི་དུས་མགོར་སྒྱུ་རྩལ་གྱིས་ཕྱུག་པའི་རྒྱལ་ཁབ་ཆེན་པོ་ཕྷ་རིན་སིར་དངོས་སྦྱོང་ལ་ཕེབས་ནས་ཉམས་ལེན་གཙོ་བོར་བཟུང་བས་སྒྱུ་རྩལ་བ་དང་མཁའ་འགྲོ་མ་མང་པོས་བསྔགས་བརྗོད་ཐོབས། ཞོར་དུ་<ཐོབ་ཐང་དགོས་ན་ཐོབ་སྟངས་ཤེས་དགོས>དང <མེ་ཏོག་ལུང་བ་དང་ངེས་འབྱུང་རི་བོ>སོགས་བྲིས་བས་སྐྱ་སེར་གཉིས་ཀས་རིགས་གཅིག་རྐང་འཛིན་པ་ཞིག་གི་ཁྱད་ཆོས་དངོས་སུ་མཐོང་།
ས་པན་གྱིས་གཅིག་ལ་མཁས་ན་མཁས་བ་ཡིན་གསུང་བ་བཞིན། སྐུ་ཞབས་ཟ་ལེ་རྒྱལ་ནི་མཚན་མ་གཉིས་སྦྱོར་རིག་པའི་རིགས་གཅིག་རྐང་འཛིན་པའི་མཁས་བ་ཐོག་མར་གྱུར་བ་བཅས་ཁོང་གི་ལོ་རྒྱུས་མདོར་བསྡུས་བཞུགས་སོ།
འདོན་སྤེལ།: ༢༠༠༩/༠༥/༡༧

