ཨ་ཁུ་འབྲོང་གི་གཏམ་བཤད།


 

ངའི་ཕ་ས་ཕ་ཡུལ།

         ལོ་རྒྱུས་ཀྱི་ངོས་ནས་བཤད་ན་ས་ཆ་འདི་ནི་འབྲོང་དང་འབྲོང་མོ་ཁོ་ནའི་ཕ་ས་ཡིན་ཟེར། ཡིན་ནའང་བར་སྐབས་ཤིག་ལ་སྤྲེའུ་ཟ་ལེ་རྒྱལ་འབོད་པ་ཞིག་ལ་ཆགས་པའི་ཚ་བ་འཕར་ནས་སྲིན་མོ་ཟ་ལེ་འཚོར་གནས་སྐབས་ཀྱི་ཆགས་སྲེད་སྤྱད་པས་སྤྲེལ་མིན་སྲིན་མིན་གྱི་སྲོག་ཆགས་གསར་བ་དྲུག་མཉམ་དུ་སྐྱེས་ཏེ་སྤྲེའུའི་གདོན་ཕྲུག་ཞེས་མིང་བཏགས་པར་རིམ་གྱིས་མིའུ་གདོང་དྲུག་དུ་འགྱུར། གང་ལྟར་སྤྲེའུ་ཟ་ལེ་རྒྱལ་གྱི་རིགས་རྒྱུད་འདི་དག་གིས་སྙིང་བརྗེ་ཡོད་མདོག་དང་བྱམས་སེམས་ཆེ་མདོག་གིས་བྲེ་སེར་འབོང་གི་ཕ་ས་བཙན་གྱིས་འཕྲོག།  བསོ་ས་སྐྱིད་ས་དང་བདེ་ས་ཡངས་ས་ནས་གནས་བཅས་པས། འབྲོང་དང་འབྲོང་མོས་འབྲོང་ཕྲུག་ཁྲིད་ནས་མཐོ་ས་བཙན་སར་སྐྱབས་བཅོལ་བྱས།

         དེ་དུས་ང་ཚོ་ཚང་མ་ད་དུང་རང་བཙན་གཙང་མ་ཡིན། ཡིད་མི་ཆེས་ན་གནམ་གྱི་ཁྲི་བདུན་ལ་དྲིས། སྟོད་ཀྱི་སྟེང་གཉིས་ལ་དྲིས། འོག་གི་བཙན་གསུམ་ལ་དྲིས། ཡིན་ནའང་ཕྱིས་སུ་ཟ་ལེ་རྒྱལ་གྱི་རིགས་རྒྱུད་འགས་དྲག་པོ་མེད་ས་ལ་ཞི་བས་བཅིངས་གྲོལ་བྱེད་དགོས་ཞེས་འབོང་གཉེན་ལྡེའུ་སོགས་སྤྲེལ་མིན་མྱི་མིན་འགས་འབྲོང་ཁྱུ་ཞིག་བཙན་གྱིས་བཀུག་ནས་སྣ་ཕུག་ནས་ལྡིང་ལ་བཏགས། འོ་མ་དང་རྩིད་པ་ལེན་ཆོག་པ་དང་སྲོག་ལེན་མི་ཆོག་པ། རིགས་རྒྱུད་གཙང་མ་ཉར་རྒྱུ་སོགས་ཞི་བའི་དོན་ཚན་བཅུ་བདུན་ལ་ས་རྟགས་བརྒྱབས། འབྲོང་གཉན་ལྡེའུའི་འབྲོག་ཕྲུག་ཚོས་དེ་ནི་ཨ་ཁུ་འབྲོང་གི་ཚ་བོ་ཡིན་པས་མིང་གསར་བ་ཞིག་འདོག་དགོས་ཞེས་འབྲོང་ཡག་ཅེས་མིང་བཏགས་ཅིང་། རིམ་གྱིས་འབྲི་གཡག་ཅེས་མིང་འགྱུར། གང་ལྟར་གྱང་འདི་དག་ཚང་མ་བྲེ་སེར་འབྲོང་གི་ཕ་ས་ཕ་ཡུལ་དང་ཕུ་ནུ་སྤུན་ཟླ་ཡིན།  

         ན་ནིང་དོ་ཚུགས་རི་སྐྱེས་རི་དྭགས་ཚང་མར་རང་རང་གི་ཐོབས་ཐང་བཤད་རྒྱུའི་གོ་སྐབས་ཅུང་ཙམ་གནང་བ་བརྒྱུད་ནས་ངས་རང་གི་ན་ཟུག་དང་གནས་ལུགས་དེ་བཤད་ན་འདོད། སྟོབས་ཆེན་གྱིས་སྟོབས་ཆུང་ཟ་བའི་དབང་ཤུགས་དེ་རྒྱུན་ལྡན་ལྟར་སྣང་ནའང་རྒྱུ་འབྲས་བཤད་བཞིན། མ་ནི་འདོན་བཞིན། དགེ་སྡུག་བཤད་བཞིན། སྙིང་བརྗེ་སྒོམ་བཞིན། སྟོབས་ཆུང་ཞིག་དང་ནུས་མེད་ཅིག་རང་གིས་གང་འདོད་བཞིན་མཆུ་བདམས། སྲོག་བཅད། ཤ་ཟས། ཁྲག་འཐུང་། ད་དུང་ཡོད་ཚད་ཐོབ་ཐང་དུ་སྒོམས། འགྱོད་བཤག་དང་དགོངས་དག་མེད་པར་མ་ནི་འགའ་བཏོན་པས་ཡོད་ཚད་འཐུས་བར་བྱས། དེ་ལྟར་ན་ངའི་ཕ་ས་ཕ་ཡུལ་ནས་ཁྱོད་ཚོས་རྩོད་བཞིན་པའི་གནས་ལུགས་དང་ཐོབ་ཐང་དེ་སུ་ཡིས་གནང་།  ང་ཚོའི་བར་གྱི་ལམ་དབུ་མ་དེ་གང་ན་ཡོད། ཞི་བདེ་དང་འཚེ་བ་མེད་པའི་ལྟ་སྤྱོད་དེ་ང་ཚོར་ཇི་འདྲའི་མཁོའང་།

         ད་དུང་གནམ་རུ་སྲོང་བཙན་གིས་ངའི་ཤ་ཁྲག་གི་ནང་ལ་ཚྭ་བཏབས་ཤིང་ཁོང་ཚང་གི་ཟ་ལེ་རྒྱལ་གྱིས་རྒྱ་བཟའ་དང་བལ་བཟའ་དབང་ཤེད་ཀྱིས་བཀུགས་ནས་བུད་མེད་ཀྱི་གནས་བབ་ལ་ཅ་ལག་གི་འདུ་ཤེས་བཟུང་། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་ཡིག་བཟོས་རྗེས་འབྲོང་དང་འབྲོང་མོའི་ཚེ་སྲོག་བཅད་དེ་ཤ་ཁྲག་གིས་སྟོན་མོ་བྱས། མ་ནི་མི་འདོན་པར། སྙིང་བརྗེ་མི་སྒོམ་པར་ལ་གཞས་ལེན་བཞིན་ཞབས་བྲོ་འཁྲབས། ཞི་བའི་དོན་ཚན་བཅུ་བདུན་སྣང་མེད་དུ་བཞག་ནས་འབྲོང་འབྲོང་མོའི་རིགས་རྒྱུད་གཙང་མ་ལྟོལ་ལུ་ལ་བསྒྱུར།

         ངའི་རིགས་རྒྱུད་གཙང་མ་ཚར་བཞིན་ཡོད། འབྲོང་འབྲོང་མོའི་ངུར་སྒྲ་ཉམས་བཞིན་ཡོད། ངས་རང་བཙན་གཙང་མ་རྩོལ་གྱི་མེད། ང་ཚོར་རང་རང་ལ་དབང་བའི་ཁོར་ཡུག་ཅིག་དགོས། རྩྭ་ལྷོད་ཀྱིས་ཟ་ས་ཞིག་དགོས། ཆུ་ལྷོད་ཀྱིས་འཐུང་ས་ཤིག་དགོས། འབྲོང་འབྲོང་མོས་ངུར་རྡིར་བྱེད་ས་ཞིག་དགོས། བ་གླང་དང་ལྟོལ་ལུའི་ངུར་སྒྲ་མ་འདྲེས་བའི་ངུར་སྒྲ་གཙང་མ་ཞིག་ངོ་མ་དགོས། སེམས་པ་རྣམ་དག་ཡིན། འདོད་འདུན་འདིའི་ཕུགས་ན་ཅི་ཡང་མེད། ཕྱེད་རང་བཙན་མེད་ལ་རང་བཙན་གཙང་མ་དེ་བས་ཀྱང་མེད། ངས་རྟ་ནོར་ལུག་གསུམ་དང་བྱ་ཁྱི་ཕག་གསུམ་སོགས་སྐྱིད་སྡུག་མཉམ་པའི་རང་གི་གྲོགས་པོ་ཚོར་ཁ་ཞེ་གཉིས་མེད་ཀྱིས་ནམ་རྒྱུན་འདི་ལྟར་བཤད་ཀི་ཡོད།  

         འབྲོང་གི་གནས་བབ་ལས་ཀྱང་སྡུག་པ་ནི་བོང་བུ་དང་ཁྱི་ཡིན། མདོར་ཙམ་བཤད་ན་ཁུར་བོ་ལྗི་མོ་འཁུར་ནོ་བོང་བུ་ཡིན། ཟས་འཕྲོ་འཐུང་འཕྲོ་ཟ་ནོ་སྒོ་ཁྱི་ཡིན། འདི་དག་ཚང་མ་ལྷན་སྐྱེས་ཀྱིས་གྲུབ་པའི་རང་རང་གི་གནས་བབ་མིན་པར། ཚང་མ་ཟ་ལེ་རྒྱལ་ཚང་གི་མི་མངོན་པའི་གོ་སྒྲིག་ཡིན། ཡིན་ནའང་ཕྱི་རྒྱལ་ནས་སེམས་ཅན་གྱི་བདེ་སྡུག་ལ་དོ་སྣང་བྱུང་ནས་གློག་གི་འཕྲུལ་འཁོར་འགའ་གསར་དུ་བཟོས་པས་བོང་བུ་དང་ཁྱིའི་གནས་བབ་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཐེབས་མོད། ད་དུང་ངའི་ཕ་ཡུལ་འབྲོང་གི་ཕ་ས་ན་འབྲོང་ལས་ལྟོལ་ལུ་མང་ལ། ལྟོལ་ལུ་ལས་བ་ལང་མང་ཞིང་། མང་ཁ་ཉུང་གིས་མ་རྟེན་པའི་དཀའ་ངལ་རྒྱུན་འཇགས་ཡིན། ཟ་ལེ་རྒྱལ་ཚང་གི་སྟོན་མོ་བྱེད་སྐབས། ཟ་ལེ་རྒྱལ་ཚང་གིས་ལོ་སར་བྱེད་སྐབས་འབྲོང་འབྲོང་མོའི་ཁ་གྲངས་ཇེ་ཉུང་ཡིན། ཚེ་སྲོག་དང་ཤ་ཁྲག་གི་རིན་ཐང་ནི་མ་ནི་འགའ་ཡིན། དྲང་བདེན་མེད། འདྲ་མཉམ་མེད། གནས་ལུགས་མེད། སྙིང་བརྗེ་མེད།

         དྲ་མོར་བཤད་ན་ཟ་ལེ་རྒྱལ་ཚང་གི་མི་རྒྱུད་འདིས་བསམ་ཤེས་ན་ཤེས་རན་ཡིན། རང་གི་མྱམས་མྱོང་གི་སྟེང་ནས་བལྟས་དང་། ང་བརྒྱད་ལོ་དང་རིག་གནས་གསར་བརྗེ་ཡི་སྐབས་ཁྱོད་ཚོར་བཙན་གནོན་ལས་ཐོབས་པའི་ཉམས་མྱོང་དང་ཁྱོད་ཚོའི་ལག་ནས་ངའི་ཕ་ས་གཞན་ལ་ཤོར་བའི་སྡུག་བསྔལ་དེ་ང་ཚོ་བཞིན་དངོས་སུ་མྱངས་ཡོད་པས་བསམ་ཤེས་ན་ངོ་མ་ཤེས་རན་ཡིན། ངས་བལྟས་ནས་ཡུན་རིང་བསྡད། ངས་ཉན་ནས་ཡུན་རིང་འགོར། ཁྱོད་ཚོས་རང་རང་གི་སྡུག་བསྔལ་ཁོ་ན་བཤད། རང་རང་གི་འདོད་འདུན་ཁོ་ན་གླེང་། ཁྱོད་ཚོས་བཤད་བཞིན་པ་དག་དང་ཁྱོད་ཚོས་སྒྲུབ་བཞིན་པ་དག་ངའི་ཕ་ས་ཕ་ཡུལ་ལ་སྦྱོར་དང་། ངའི་ཕུ་ནུ་སྤུན་ཟླ་ལ་སྦྱོར་དང་། ཁྱོད་ཚོས་རྩོད་བཞིན་པ་དེ་ང་ཚོར་མི་དགོས་པའི་གནས་ལུགས་གང་ན་ཡོད། ངའི་རིགས་རྒྱུད་གཙང་མའང་ཚར་གི་ཡོད། ཁྱོད་ཚོའི་རིགས་རྒྱུད་ཚར་མི་ཉན་པ་དང་ངའི་རིགས་རྒྱུད་ཚར་ཡང་མི་སྐྱོན་པའི་གནས་ལུགས་གང་ན་ཡོད། མ་ཁེ་སི་ལེ་ཉིན་རང་ལུགས་ལྟར་ནའང་རང་གི་རིགས་རྒྱུད་གཙང་ཉར་གྱི་ཐོབ་ཐང་ཡོད་ལ། དམངས་གཙོའི་ཐོབ་ཐང་དེ་དེ་བས་ཀྱང་ང་ཚོར་ཡོད་ཆོག་ཆོག་ཅིག་རེད། གནས་ལུགས་འདི་ཚང་མས་ཤེས་གསལ་བཞིན་གཉའ་གནོན་འོག་གི་མི་རིགས་ཞིག་གིས་ང་ཚོའི་དཀའ་ངལ་འདི་དེ་བས་ཀྱང་ལས་སླ་བོར་ཤེས་ཐུབ་པ་ཞིག་ཅི་ནས་མ་ཡིན།

         འུ་དམ་བཙན་པོ་ཟ་ལེ་རྒྱལ་གྱིས་ཤ་ཟ་གདོང་དམར་གྱི་ལོ་རྒྱུས་ལ་དཀྱོགས་མཚམས་བྲིས་ནའང་བན་བོན་གཉིས་ཀས་ང་ཚོའི་གནས་བབ་ལ་བསམ་བློ་ནམ་ཡང་གཏོང་མ་མྱོངས། སད་མི་སྡེ་བདུན་གྱིས་ཐོག་མའི་ཆོད་སེམས་འཇོག་སྐབས་ངའི་ཕ་ས་ཕ་ཡུལ་དང་འབྲོང་དང་འབྲོང་མོའི་གནས་བབ་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་བའི་རེ་བ་བྱས། ཡིད་སྐྱོ་བ་ཞིག་ལ་ཁོ་ཚོའང་འཁོར་ཡུག་ཆུང་ཆུང་ཞིག་ལས་བརྒལ་ཐུབ་མེད་ལ། ཁ་བཤད་དང་ལག་ལེན་གཉིས་ཤར་དང་ནུབ་ལ་སོང་། འཕྲོག་བཅོམ་གྱི་སྐད་ཆ་བཤད་སྐབས་ངའི་ཕ་ཡུལ་འཕྲོག་པ་གཏན་དུ་བརྗེད་འདུག སྲོག་གཅོད་ཀྱི་ཉེས་བ་བཤད་དུས་ངའི་ཤ་ཁྲག་འཐུང་བ་ཡེ་ནས་བོར་འདུག ངོ་མ་སྨྲ་ཤེས་བ་དེ་རང་དོན་ཁོ་ན་སྨྲ་བྱེད་ཅིག དོན་གོ་བ་དེ་རང་གི་འདོད་འདུན་ཁོ་ན་སྒྲུབ་བྱེད་ཅིག

སྨྲ་ཤེས་ནའང་རང་དོན་སྨྲ་བྱེད་ཅིག དོན་གོ་ནའང་རང་དོན་སྒྲུབ་བྱེད་ཅིག ངོ་མ་ཡིད་ཆད་ཀི ངོ་མ་སྐྱུག་ལོག་གི ལྷ་ལུང་ཟ་ལེ་རྒྱལ་གྱིས་མདའ་མོ་ཞིག་སྟོང་ལ་སྦྱོར་སྐབས་ངས་འཇིག་རྟེན་འདི་འཇིག་པའི་རེ་བྱས་ཀྱང་ཁྱིམ་ཚང་འདི་རེ་ཞིག་དལ་འཇེགས་སེ་བཏངས་བ་ཙམ་ལས་ཡོད་ཚད་ལ་རྫོགས་ཚིག་འབྲི་མ་ཐུབ་པས་བློ་ཕམ་བྱུང་། འབྲོང་འབྲོང་མོའི་ལོ་རྒྱུས་ལ་འགྱུར་བ་ཅི་ཡང་སོང་མེད། ཕྱིས་སུ་ཟ་ལེ་རྒྱལ་ཚང་ལ་སོག་པོས་བཙན་འཛུལ་བྱས་པས་ཡང་སྐྱར་ང་ཚོའི་གནས་བབ་ལ་འགྱུར་བ་ཞིག་ཡོང་བའི་རེ་བྱས། འགྲོ་མགོན་འཕགས་པས་མ་གྱུར་སེམས་ཅན་དང་བདག་གཞན་མཉམ་རྗེས་ཀྱི་ལྟ་བ་གསུང་སྐབས་དེ་བས་ཀྱང་རེ་བ་བྱས། དྲ་མོར་བཤད་ན་དེའང་ཟ་ལེ་རྒྱལ་ཚང་གི་རང་དོན་ཁོ་ན་ཙམ་རེད། མ་ནི་འདོན་བཞིན་ཚེ་སྲོག་གཅོད་ཀི དགེ་སྡིགས་སྨྲ་བཞིན་ཐུབ་ཚོད་བྱེད་ཀི རང་ཉིད་ཀྱི་ཆེད་དུ་སྡིགས་པ་མིག་བཙུམ་བྱེད་ཀི།  དུས་དེ་ནས་བཟུང་ངས་དགེ་སྡིགས་བཤད་ཀི་མེད། དུས་དེ་ནས་བཟུང་ངས་རྒྱུ་འབྲས་གླེང་གི་མེད།

རྒྱ་བ་བློ་བཟང་རྒྱལ་མཚོས་ཐམས་ཅད་མཁྱེན་པའི་མཚན་བྱང་ཞིག་ཁུར་ནས་བསླེབས་པས་ངས་རེ་བ་མེད་སར་ཡང་བསྐྱར་རེ་བ་བྱས་མོད་ང་ལ་སུག་བཞི་བའི་མིང་བྱང་ཞིག་སྦྱར་ནས་སྔར་གྱི་གོ་སར་བཞག སུག་གཉིས་བའི་གོ་ས་ཇེ་མཐོར་བཏངས། ཟ་ལེ་རྒྱལ་ཚང་ལ་གཞུང་འཛིན་ཕོ་བྲང་ལས། འབྲོང་རི་དམར་འགའི་ཤ་ཁྲག་གིས་སྟོན་མོ་གཤམས། ལྷ་ལྷ་མོ་ཚང་མ་མགྲོན་དུ་འབོད། གླུ་བླངས། གར་འཁྲབས། འབྲོང་འབྲོང་མོའི་ཚེ་སྲོག་རེ་དང་མ་ནི་ཐད་ཀར་བརྗེས། ངའི་ཕ་ས་ཕ་ཡུལ་ནས་ངའི་སྲོག་ལ་གྲི་བཙུགས། ངའི་མགོ་ལ་སྐྱག་པ་བཏངས། འདི་ལྟར་ངའི་ཕ་ས་ཕ་ཡུལ་ནས་ང་ལ་ཐུབ་ཚོད་བྱས།

ལོ་འགའི་སྔོན་ལ་རྒྱལ་དབང་བསྟན་འཛིན་རྒྱལ་མཚོས་སྟག་གཟིག་དང་ཆུ་སྲམ་ལ་རང་བཙན་སྤྲད་པས་ངས་ཡང་སྐྱར་མ་ནི་འདོན་བཞིན། ངས་ཡང་བསྐྱར་ལས་འབྲས་བསམ་བཞིན་རེ་བ་བྱེད་ཀི་ཡོད། ངའི་རིགས་རྒྱུད་འདི་མ་ནི་འགའི་རིན་ཐང་ལ་མ་བརྗེ་རོགས།

ད་ཨ་ཁུ་འབྲོང་བཟི་ཐལ། མང་པོ་མི་བཤད་འདི་ནི་མདོར་བསྡུས་ཙམ་ཡིན། ང་ལ་ད་དུང་བཤད་རྒྱུ་ཡོད། ལྷག་པར་དུ་ཤ་ཟ་གདོང་དམར་ཟ་ལེ་རྒྱལ་ཚང་ལ་བཤད་རྒྱུ་རྩོད་རྒྱུ་གཉིས་ཀ་ཡོད། 

  • loading