ཨ་མ་ལགས། འཇིག་རྟེན་གཉིས་ཀྱི་བར་མཚམས་ནས་འཕངས་བའི་ཆེས་མཐའ་མའི་ཕྱིར་མིག་དེས། དགའ་དུས་དགོད་མི་ཤེས་ལ་སྡུག་དུས་ངུའང་མི་ཤེས་བའི་དྭ་ཕྲུག་འགའི་རྣམ་ཤེས་རུམ་ནས་དཀར་ནག་གི་འཇིག་རྟེན་གང་ལ་ཕྱིན། ཨ་མ་ལགས། ཞོགས་པ་དེར་ང་ངུས་མེད། སྤྱིར་ང་མི་ངུ་ན་སུ་ངུ། ང་ཨ་མའི་ལོ་ལོ་ཡིན། ཡིན་ཡང་མི་ཚང་མ་ཁུ་སིམ་མེར་བསྡད་པས་ང་རང་ངུ་མ་ཐུབ། ཁུ་སིམ་སིམ་གྱི་དྭ་ཕྲུག་ཚོར་ཕ་འཛོམས་མ་འཛོམས་ཀྱི་བྱིས་པ་སྣབ་ལུག་ཚོས་ཐུབ་ཚོད་བྱས་ཐེངས་རེར་ངས་ཁྱོད་རང་སྙིང་ནས་དྲང་ཞིང་སེམས་ནས་བོས། ཁྱོད་སོང་ཤུལ་ནས་ཨ་ཕས་ང་ལ་ལྷམ་མགོ་ཆུང་ཆུང་ཞིག་ཉོས་བ་དེའང་ངས་ཁྱོད་ལ་སྟོན་འདོད་དེ་ཡུན་རིང་བོར་གོན་མེད། ངས་ཁྱོད་ལ་ཕྱིར་ཡོང་མེད་པ་ཤེས་དུས་ང་རང་ཡང་ལོ་ན་སོན་འདུག་ལ་ངའི་ལྷམ་མགོ་དེའང་རལ་འདུག།
ཨ་ཕ་ལྷ་སར་ཕེབས་རྗེས་ཕུ་བོ་ཚོང་ལ་བུད་སོང་། ཨ་ཅེའང་གནས་ལ་བུད་སོང་། དེ་བས་ང་ཟོག་རྫི་བྱས། ལུག་བ་ཡོན་ཐང་ལ་དེད། ནོར་ཟོང་ཁའི་རི་ལ་བགོས། བ་ཡོན་ཐང་དང་ཟོང་ཁའི་རི་ནས་ངས་ལོ་ཟླ་གང་མང་བསྐྱལ། ཡིན་ནའང་ནོར་ལུག་ཚང་མ་ལྷས་རར་བཅུགས་རྗེས་རང་གི་ལོབ་ཕྱོགས་བཞིན་ནམ་རྒྱུན་ངས་ཁྱོད་ལ་ཕྱིར་དྲན་རེ་བྱས་མྱོང་།
འདས་ཟིན་པའི་ལོ་ཟླ་དེ་དག་གི་རིང་ལ་ང་རང་ཕུ་བོའི་རུམ་ནས་ཉལ་ཞིང་ནུ་མོ་ཨ་ཕའི་རུམ་ནས་ཉལ། ང་ཚོས་དཀའ་སྡུག་གི་ལོ་ཟླ་གང་མང་བརྒྱུད་ནས་ཡོང་ནའང་ད་ནི་ཚང་མ་བརྒྱའི་གྲལ་མགོར་མ་བསླེབས་ཀྱང་སྟོང་གི་གྲལ་མཐར་ལྷུང་མེད། ཁྱོད་སོང་ནས་ལོ་ངོ་བཅོ་ལྔ་འགོར་བའི་རྗེས་ཀྱི་ཞོགས་པ་ཞིག་ལ་ངས་ ༧ ཡིད་བཞིན་ནོར་བུའི་ཞབས་ལ་ཐོད་པ་གཏུགས་ནས་འུ་ཚང་གི་ལས་དབང་དང་ཁྱོད་ཀྱི་ལོ་རྒྱུས་ལ་བསྐྱར་ཟློས་ཐེངས་གཅིག་བྱས་ཤིང་། དུས་དེ་ནས་བཟུང་ངས་ཨ་མའི་དྲིན་ལན་འཇལ་མ་ཐུབ་ཀྱང་༧ ཡིད་བཞིན་ནོར་བུའི་མདུན་ལ་བསྔོ་ཞུ་ཞིག་འཕྲོད་པའི་དགའ་སྣང་གིས་རང་གི་སེམས་མགོ་མནན་ཡོད། ཡིན་ནའང་དུས་རབས་གཅིག་གི་རྗེས་ནས་ན་ཟུག་ལ་བསྐྱར་ལོག་བརྒྱབས་པས་ངས་ཡང་བསྐྱར་ཁྱོད་རང་དྲན། ཨ་མ། ཁྱོད་གང་ན་ཡོད། ང་ཨ་མའི་ལོ་ལོ་ཡིན།
འདོན་སྤེལ།: ༢༠༡༠/༠༩/༠༦
