ཐར་མེད་གཙང་བོར་བརྒལ་བའི་གཏམ་རྒྱུད། གཉིས།
དུས་སྐབས་དེ་འདྲ་ཞིག་ལ་བཀྲ་ཤིས་ཚེ་རིང་ལ་རླུང་རྟ་བརྒྱུགས་ནས་རྒྱ་གར་གྱི་རྒྱ་ས་ལྡི་ལི་ནས་ཨ་རིའི་ཝི་ལི་ཡམ་མཐོ་སློབ་ཀྱི་སློབ་ཕྲུག་རོ་བྷར་ལགས་ལ་ཐུག་ཏེ་འབྲེལ་བ་ཆགས་ཤིང་ཕྱིས་སུ་བྷལ་དི་ཝིན་གྱིས་སློབ་ཡོན་གནང་ཞིང་ཏོལ་སེ་ཏོའེ་དགེ་རྩ་ཚོགས་པས་མཐུན་འགྱུར་བརྩལ་ནས་ཝི་ལི་ཡམ་མཐོ་སློབ་ནས་དབྱིན་ཡིག་སློབ་རྒྱུའི་གོ་སྐབས་ཐོབས། ཨ་རིའི་ཡུལ་ནས་སློབ་སྦྱོང་ལ་ཧུར་ཐག་བྱས། དེ་ལ་ཁོང་གི་ཚིག་ཇི་བཞིན་སྤྱད་ན་༼ངས་སྨོན་པ་བཞིན་སློབ་སྦྱོང་བྱས་༽ཟེར། ཞོགས་པ་སྔ་མོ་དུས་ཚོད་བདུན་ནས་ཡར་ལངས་ཏེ་མཚན་གུང་བར་དུ་བསྡད་ནས་སློབ་སྦྱོང་བྱས། ཁོང་གིས་དབྱིན་ཡིག་དང་ལོ་རྒྱུས། ནོར་སྲིད་རིག་པ་བཅས་སྦྱངས། ཝི་ལི་ཡམ་མཐོ་སློབ་ནས་སློབ་དུས་གཉིས་རིང་སྦྱངས་བརྩོན་ལྷོད་མེད་བྱས་མཐར། སི་ཡ་ཏྲར་གྲོང་ཁྱེར་གྱི་ཝ་ཤིང་ཏྲོང་གཙུག་ལག་མཐོ་སློབ་ཁང་དུ་བསྡད་དེ་རང་གི་ཆབ་སྲིད་ཀྱི་གོ་རྟོགས་ཡོངས་སུ་སད་པར་བྱས།
རང་ལ་དགོས་བའི་ཤེས་བྱ་ཆ་ཚང་སེམས་ལ་བཅུགས་རྗེས་རང་གི་བཟའ་ཟླའང་ཤུལ་དུ་བཞག་ནས་ཕ་ཡུལ་གྱི་ཕན་བདེ་ཆེད་དུ་ལམ་ལ་ཆས། འཇིག་རྟེན་པ་ཞིག་ལ་མཚོན་ན་རང་གིས་ཤིན་ཏུ་གཅེས་བའི་ཕ་མ་དང་བཟའ་ཟླ། བུ་ཕྲུག་བཅས་ཤུལ་དུ་བཞག་ནས་མི་གཞན་པའི་བདེ་སྡུག་གི་དོན་དུ་འགྲོ་བ་ནི་ཆེས་ཉུང་ཉུང་ཡིན་ཞིང་། ནང་བ་སངས་རྒྱས་པའི་བཤད་སྟངས་ལྟར་ན་དེ་ལ་བདག་ལས་གཞན་གཅེས་ཟེར། ཨ་རིའི་བདེ་སྐྱིད་ཀྱི་འཚོ་བ་དེ་རང་ཉིད་ཀྱི་མི་ཚེའི་བདེ་སྐྱིད་ཁོ་ནར་དམིགས་ཏེ་ཕ་ཡུལ་གྱི་སྤྱི་ཚོགས་རྙིང་བའི་ལམ་ལུགས་ལ་ཁ་ཡ་མ་བྱས་ཚེ། སྔོན་མའི་སྐུ་དྲག་ལམ་ལུགས་དང་མི་མཚུངས་ནའང་དེ་དང་ཉེ་བའི་མཐོང་སྣང་ཞིག་གིས་མཐའ་ཡས་རྒྱ་མཚོ་བརྒལ་ནས་རང་གི་ཕ་ཡུལ་གྱི་ཕན་བདེ་ཆེད་དུ་སྐྱོད་པའི་སྐུ་ཞབས་བཀྲ་ཤིས་ཚེ་རིང་ནི་ཐར་མེད་གཙང་བོ་བརྒལ་བའི་བློ་སྟོབས་ཀྱིས་ཕྱུག་པའི་ཤེས་འཇོན་གཉིས་ལྡན་གྱི་འབྱོར་མེད་པ་དཔའ་བོ་ཞིག་ཡིན། ཁོང་གིས་ཁུའུ་བྷའི་མཚོ་འགྲམ་ནས་མཚོ་གྲུར་བསྡད་དེ་ཀོང་ཏུང་ལ་སྐྱོབས་སྐབས་ཀྱི་རྣམ་པ་དེས་ཁོ་ལ་མ་འོངས་ལུང་བསྟན་གསུངས་བ་འདི་ལྟར། ༼གྲུ་ནང་ན་ང་དང་མཉམ་དུ་མི་རྒན་བཅུ་ལས་མེད་པ་ཚང་མ་རྒས་འཁོགས་རྐྱང་ཡིན་པས་ཀུང་ཏུང་ལ་འཆི་བར་ལོག་འགྲོ་བ་ལྟར་མངོན༽། ཀོང་ཏུང་དུ་གྲུ་གཟིངས་གྲུ་ཐག་གིས་མ་བཏགས་པའི་སྔོན་དེར་གྲུ་དཔོན་གྱིས་རྒྱ་ནག་གི་དར་དམར་ཞིག་སྒྲེང་འཛུགས་བྱས། གཅིག་དགུ་ང་གྲངས་ནང་ལྷ་ས་ནས་མཐོང་མྱོང་བའི་རྒྱལ་དར་དེ་ད་ལྟ་ཡང་བསྐྱར་མཐོང་བས་ཡག་ཉེས་ཅི་ཡིན་ཡང་ཁོ་རང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་སླེབས་ཚར་ཡོད་པ་ཤེས། བསམ་ཡུལ་ལས་འདས་བ་ཞིག་ལ་ཁོ་རང་གྲུ་ཁ་ནས་མ་བཏང་བར་ཟུར་དུ་བཀག། ཁོས་རང་ཉིད་འགོག་དོན་ཅི་ཡིན་མ་ཤེས་བར་མགོ་འཐོམས། གང་ལྟར་རྒྱ་བོད་གཉིས་ཀས་ཁོ་ལ་འདྲི་གཅོད་གང་མང་བྱས་མཐར་ཁོ་རང་གི་རེ་འདུན་བཞིན་ཞན་ཡང་སློབ་གྲྭའི་ནང་འགྲོ་འདུག་གི་དབང་ཚད་བླངས་ནས་སློབ་སྦྱོང་གི་གོ་སྐབས་ཐབས་ཆག་ཅིག་སྤྲད། བ་ལང་འདོག་ས་ལྟ་བུའི་ཁང་ཆག་ཅིག་གི་ནང་ནས་ཟས་ངན་ངོན་ལ་རོལ་བཞིན་རང་གི་དམིགས་འདུན་ལྟར་རྒྱ་ཡིག་ལ་ཧུར་ཐག་བྱས་ནས་ཉི་མ་རེ་རེ་བཞིན་བལྟས་བལྟས་རིག་རིག་ལ་ཡར་རྒྱས་ཆེན་པོ་སོང་། ཁོང་གིས་སྲིད་དབང་རྙིང་བའི་ལས་ཀ་བྱས་མྱོང་བ་མ་ཟད་རྒྱ་གར་དང་ཨ་རིར་གནས་སྡོད་ཀྱིས་སློབ་སྦྱོང་བྱེད་མྱོང་བ་དོན་དངོས་ཡིན་ཡང་། རང་ཉིད་དབང་སྒྱུར་མི་དྲག་གང་གི་ཁོངས་གཏོགས་ཀྱང་མིན་ལ་དབང་ཆ་ཡོད་པའི་མི་ཞིག་ཀྱང་རྩ་བ་ནས་མིན་པའི་འབྱོར་མེད་གྲལ་རིམ་པའི་ཕྲུ་གུ་ཞིག་ཡིན་པས་རང་ཉིད་ལ་ཉེན་ཁ་ཡོད་པ་རེད་གཏན་ནས་མ་དྲན། ལྷག་པར་དུ་ཁོ་རང་ཞིང་བྲན་རིང་ལུགས་ཀྱི་སྤྱི་ཚོགས་རྙིང་བར་སྐྱོན་བརྗོད་དྲག་པོ་བྱེད་མཁན་ཞིག་དང་དངོས་གནས་གསར་བརྗེའི་འཕོ་འགྱུར་འདོད་མཁན་ཞིག་ཡིན་པས་སོ་སོའི་འཛིན་གྲོགས་ཚོ་དང་འདྲ་བར་དེ་མུར་ཚད་མཐོའི་སེམས་ཤུགས་ཀྱིས་ཡོངས་སུ་ཁེངས།
དགོང་མོ་དེར་ཁོས་རྒྱུན་ལྡན་མིན་པའི་སྐད་སྒྲ་ཞིག་ཐོས། དོན་དག་ཅི་ཞིག་བྱུང་མིན་བལྟ་ཕྱིར་རྩེད་ཐང་གི་ཕྱོགས་སུ་སོང་། སློབ་ཕྲུག་བརྒྱ་ཕྲག་མང་པོ་དེ་རུ་འཛོམས་འདུག་ལ། ད་དུང་ཇེ་མང་ནས་ཇེ་མང་རེད། ཁོས་གསལ་བོར་རིག་ཆེད་མདུན་དུ་སོང་བས། སློབ་གྲྭའི་མགོ་ཁྲིད་ཚོ་ཚང་མ་ལུས་སྒུར་སྒུར་བྱས་ནས་ལངས་བཅུགས་པ་དང་མཉམ་དུ་མགོ་ལ་སྙུང་གཟུགས་ཀྱི་ཤོག་བུའི་ཞྭ་མོ་རིང་བོ་རེ་གཡོགས་པའི་སྟེང་དུ་འཕྱ་དམོད་ཀྱི་ཚིག༼མ་རྩ་རིང་ལུགས་ཀྱི་ལམ་ལ་འགྲོ་མཁན༽དང་༼གསར་བརྗེའི་ངོ་ལོག་པ༽ལྟ་བུའི་ཡིག་འབྲུ་ཆེན་པོ་བྲིས་པས་ཁེངས་འདུག། མཐའ་ན་ཁོ་རང་གི་དགེ་རྒན་མྭ་ཤིས་མེའེ་ལ་རྔ་ཆེན་པོ་ཞིག་བརྡུང་བཞིན་ཁ་ནས་༼ང་མྭ་ཤིས་མེའེ་ཡིན། ངས་ཆབ་སྲིད་ཀྱི་སློབ་ཁྲིད་བྱེད་སྐབས་ནོར་འཁྲུལ་ཤོར་སོང་༽ཞེས་སྐྱོར་དུ་བཅུགས། སློབ་ཕྲུག་ཧུར་བརྩོན་ཅན་ཇེ་མང་དུ་སོང་ནས་སྐད་ཅིག་གི་རིང་ལ་ཁོ་ཚོའི་སློབ་གྲྭའི་འཇིག་རྟེན་གྱི་རྣམ་པ་དེ་གནམ་ས་མགོ་རྟིང་ལོག་པ་ལྟ་བུར་གྱུར། རིམ་གྱིས་བློ་མཐུན་མོའོ་ཙེ་ཏུང་གི་གསེར་ཞལ་མཇལ་ཤིང་གསར་བརྗེ་དམག་མི་དང་མཉམ་དུ་ཕ་ཡུལ་ལྷ་སར་འབྱོར། ཕ་ཡུལ་ལྷ་ས་ནས་གསར་བརྗེ་ལས་དོན་ལ་ཧུར་ཐག་བྱས། ཕ་ཡུལ་གྱི་ཞིང་བྲན་མི་དམངས་བྲན་གཡོག་ལམ་ལུགས་ནས་སྐྱོབ་པའི་འདུན་པ་ཆེ་ཆེར་འཕེལ།
སྔ་དྲོ་དེར་ནམ་རྒྱུན་ལྟར་སོང་ནས་ཉིན་གུང་ཁ་ལག་ཟས་རྗེས་ཆབ་སྲིད་ཀྱི་ལྟ་བ་དང་གནད་དོན་གྲོས་བསྡུར་བྱེད་སའི་འཆར་ཅན་གྱི་ཕྱི་དྲོའི་ཚོགས་འདུར་ཞུགས། གློ་བུར་དུ་རྒྱབ་ལོག་ནས་ཧུར་བརྩོན་པ་ཞིག་གིས་སྐད་ཤུགས་ཆེན་པོས་༼ངས་གསར་བརྗེའི་ངོ་ལོག་བ་བཀྲ་ཤིས་ཚེ་རིང་མི་དམངས་ལས་ལོགས་སུ་བཀར་ཏེ་ལྟ་སྐུལ་དོ་དམ་བྱེད་དགོས་བའི་བསམ་ཚུལ་འདོན་གྱི་ཡིན༽ ཞེས་བས་བཀྲ་ཤིས་ཚེ་རིང་རང་གི་རྣ་བར་ཡིད་ཆེས་བྲལ། དེ་མ་ཐག་སྔོན་ཚུད་ནས་གྲ་སྒྲིག་བྱས་པའི་༼གསར་བརྗེའི་ངོ་ལོག་བ་བཀྲ་ཤིས་ཚེ་རིང་གཏོར་ཕམ་གཏོང་དགོས༽ཞེས་ཡིག་ཆེན་བྲིས་བའི་ཤིང་ལེབ་ཅིག་འཁྱེར་ཡོང་ནས་ཁོའི་སྐེ་ལ་བསྐོན།
ཐར་མེད་གཙང་བོ་དང་དེའི་འགྲམ་གྱི་རླུང་འཚུབ་རྒོད་པོ། སྐད་ཅིག་སྐད་ཅིག་ལ་ཕྱོགས་ངེས་མེད་ནས་ལྡིང་གིན་ཡོང་། བཀྲ་ཤིས་ཚེ་རིང་གི་བཀྲ་མ་ཤིས་བར་ཧུར་བརྩོན་པའམ་གསར་བརྗེའི་སྔོན་ཐོན་པ་འགའི་ལག་ཆར་གྱུར། དོན་ངོ་མར་ཁོ་ཚོས་བཀྲ་ཤིས་ཚེ་རིང་གི་གསར་བརྗེའི་ངོ་ལོག་བྱས་ཡོད་མེད་མི་ཤེས་ནའང་སྟོབས་ཆེན་རྒྱལ་ཁབ་ཨ་རིའི་བདེ་སྐྱིད་ཆ་ཚང་བློས་བཏང་ནས་ཕ་ཡུལ་ལ་ཕྱིར་འབྱོར་བ་དེ་ནི་དོགས་གཞི་ཆེན་པོ་ཞིག་ཡིན་ལ་དྲང་མོར་བཤད་ན་དུས་སྐབས་དེ་འདྲ་ཞིག་ལ་ཁོང་གི་བློ་སྟོབས་དེར་ཡིད་ཆེས་བྱེད་ཐུབ་མཁན་དཀོན་པ་མ་ཟད། གལ་ཏེ་ཡིད་ཆེ་བའི་དབང་དུ་བཏང་ཡང་ཁ་ནས་བཤད་ཐུབ་མཁན་དཀོན་པོ་རེད།
སོ་སྨན་གྱི་པགས་ཐུམ་ནང་སོ་སྨན་ཡོད་ཀྱང་མི་ཞིག་གིས་ཤུགས་ཀྱིས་མ་བཙིར་ན་དེ་ཕྱི་ལ་མི་ཐོན་པའི་དཔེ་བཞིན་ཕྱི་ཉིན་དེ་ནས་ཉིན་གྲངས་བཞི་བཅུ་ཞེ་ལྔར་མཚམས་མེད་པར་མུ་མཐུད་དེ་བཙིར། གཙོ་བོ་ཁོ་རང་རྒྱ་གར་སུས་བཏང་བ་དང་། ཨ་རི་སུས་བཏང་བ། རྒྱ་ནག་ལ་ཕྱིར་སུས་བཏང་བ་བཅས་གནད་དོན་གསུམ་གྱི་ཐོག་ནས་བཙིར། ཁོང་གིས་ཁོ་རང་གར་སྐྱོད་རང་ཐག་རང་གཅོད་བྱས་བ་ལས་མི་སུ་ཞིག་གིས་བཏང་བ་མིན་པའི་སྐོར་དྲང་མོར་བཤད། དྲི་བ་དང་དྲིས་ལན་གཉིས་བསྐྱར་སྐོར་ཡང་སྐོར་བརྒྱབས།
བཀྲ་ཤིས། རང་གི་བསམ་བློ་དང་འདུ་ཤེས་རྙིང་བར་བསྒྱུར་བཅོས་བྱེད་དགོས། ང་ཚོས་ཁྱོད་ཀྱི་སྤྱོད་ཚུལ་ལ་བརྟག་དཔྱད་ཡུན་རིང་བྱས་བ་ཡིན། གལ་ཏེ་ཁྱོད་རང་གིས་བསམ་བློའི་བཙོག་སྐྱོན་གཙང་སེལ་བྱེད་རྒྱུར་འགོག་རྒོལ་དང་སྔོན་བྱས་ཀྱི་ནག་ཉེས་ངོས་ལེན་མི་བྱེད་ན། ང་ཚོས་སྙིང་རྗེ་སྒོམ་རྒྱུ་མིན།་ཟེར། ཁོ་ཚོར་མཁོ་བ་ནི་དངོས་ཡོད་ཀྱི་གནས་ཚུལ་མ་ཡིན་པར། ཁོ་ཚོའི་རྟོགས་པས་བཟོས་བའི་གནད་འགག་ཅིག་བཀྲ་ཤིས་ཚེ་རིང་གིས་ངོས་ལེན་བྱེད་དགོས་བ་དེ་རེད། དེའང་མདོར་བསྡུས་ནས་བཤད་ན་ཁོང་ཚོའི་སེམས་སུ་བཀྲ་ཤིས་ཚེ་རིང་ནི་༧་ཏ་ལེ་བླ་མས་བཏང་བའི་མི་ཞིག་ཡིན་པ་མ་ཟད་ཁོའི་རྒྱབ་ན་ཨ་རི་བཙན་རྒྱལ་རིང་ལུགས་པ་ཡོད་པས་རེད། དེ་བས་ལྡོག་ཏེ་བཞུར་བའི་ཐར་མེད་གཙང་བོ་ལས་ཐར་ཐུབ་མིན་དེ་བཀྲ་ཤིས་ཚེ་རིང་གི་སྙིང་སྟོབས་ཁོ་ནར་རག་ལས་བ་ཞིག་མིན་པར་ཁོང་གིས་རིག་པའི་སྟོབས་ཤུགས་ཀྱང་བཀོད་དགོས།
ཁོང་གིས་བསམ་བློ་ཡུན་རིང་བཏང་མཐར་རང་གིས་ཉེས་བ་ཅི་ཡང་བྱས་མེད་པའི་ཨུ་ཚུགས་བྱས་ཚེ་གློད་རྒྱུ་མིན་པ་ཤེས། ཁོས་རྒྱ་གར་ནས་རྒྱ་ལོ་དོན་འགྲུབ་དང་མཉམ་དུ་སྐྱབས་བཅོལ་བར་སྣེ་ལེན་བྱས་བའི་ལས་ཀ་དེ་རིགས་ཕལ་ཆེར་ཁོ་ཚོས་ཤེས་ཡོད་པ་འདྲ་བས་ཉེས་བ་དེ་ཙམ་ངོས་ལེན་བྱས་ནས་རང་སྐྱོན་ཅུང་ཙམ་ངོས་ཟིན་ཐོབས་པའི་རྣམ་པ་སྟོན་རྒྱུའི་སེམས་ཐག་བཅད།
ངས་དྲང་མོར་བཤད་ན། ༡༩༥༩ ལོར་བོད་མི་སྐྱབས་བཅོལ་བ་རྣམས་རྒྱ་གར་བྱང་ཁུལ་ཨ་སམ་དུ་སླེབས་སྐབས། ཏ་ལེ་བླ་མའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་ཀྱིས་རེ་སྐུལ་བྱས་བ་བཞིན་ངས་བོད་མི་སྐྱབས་བཅོལ་བའི་ལོ་རྒྱུས་བསྡུ་རུབ་བྱ་རོགས་བྱས་བ་ཡིན། དེའང་ཀ་ལོན་སྦུག་ནས་སྐུ་ཞབས་རྒྱ་ལོ་ལགས་ལ་ཐོག་མར་ཐུག་དུས་ཁོང་གིས་ང་ལ་བྱམས་གཟིགས་གནང་བ་མ་ཟད་ང་ལ་དབྱིན་ཡིག་དགེ་རྒན་ཞིག་ཀྱང་ངོ་སྤྲོད་བྱས་པས་ཁོང་གིས་རེ་སྐུལ་བྱས་བ་དེ་ཁས་ལེན་མི་བྱེད་ཀ་མེད་ཆགས། ཡིན་ནའང་ཕྱིར་རང་ཡུལ་དུ་ལོག་པ་ནི་མི་དམངས་ལ་ཞབས་འདེགས་ཞུ་ཆེད་རང་དབང་དང་རང་མོས་ཀྱི་སྒོ་ནས་ཡོང་བ་ཡིན།
