མགོ་ལོག་གི་ཤ་ཆད་པའི་བུ་ཕྲུག།
རྩ་ཁྲིམས་དོན་འཁྱོལ་བྱ་དགོས
འདོན་སྤེལ། ༢༠༡༠/༡༠/༢༢
ཁ་སང་ཕྱི་ཚེས་ ༢༡ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༥ དང་ཕྱེད་ཀ་ཙམ་ནས་མགོ་འཛུགས་ཀྱིས་མགོ་ལོག་ཁུལ་མི་རིགས་སློབ་འབྲིང་དང་ཁུལ་དགེ་ཐོན་སློབ་གྲྭ རྫོང་ཡོད་ཡིག་སློབ་འབྲིང་བཅས་ཀྱི་སློབ་ཕྲུག་ ༣༠༠༠ ལྷག་གིས་རྒྱ་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་ཅིང་། དེ་ནི་ཞོགས་པའི་ཆུ་ཚོད་ལྔ་དང་ཕྱེད་ཀ་ཙམ་ལ་སློབ་མ་རྣམས་སློབ་གྲྭར་འཛོམ་བཞིན་པའི་སྐབས་སུ་མགོ་ལོག་ཁུལ་བོད་ཡིག་སློབ་འབྲིང་གི་སློབ་མ་སྐོར་ཞིག་གིས། མི་རིགས་འདྲ་མཉམ་ཡོང་དགོས། སྐད་ཡིག་རང་དབང་སྤྲོད་དགོས། རྩ་ཁྲིམས་དོན་འཁྱོལ་བྱ་དགོས། ཞེས་འབོད་ཚིག་བསྒྲགས་མ་ཐག ཁུལ་དགེ་ཐོན་སློབ་གྲྭ་དང་རྫོང་བོད་ཡིག་སློབ་འབྲིང་བཅས་ཀྱང་སྐད་འབོད་བྱས་ཡོད་ཅིང་། དེ་ནས་སློབ་ཕྲུག་རྣམས་ཁྲོམ་གཞུང་ལ་བུད་དེ་སྐད་འབོད་ཤུགས་ཆེན་བྱེད་བཞིན་ཁུལ་སྲིད་གཞུང་གི་ཕྱོགས་སུ་བསྐྱོད་ཡོད་པ་དང་། སློབ་ཕྲུག་སྐོར་ཁག་ཅིག་ཁུལ་སློབ་གསོ་སྡེ་ཁག་གི་སྒོ་ཁར་སོང་ཡོད་འདུག
ངོ་རྒོལ་སྐབས་ས་གནས་མང་ཚོགས་མང་པོ་ཞིག་ཀྱང་མཉམ་ཞུགས་བྱས་ཡོད་འདུག་ཅིང་། སྔ་དྲོའི་ཆུ་ཚོད་ ༡༠ ཙམ་ལ་ཁུལ་སློབ་གསོ་སྡེ་ཁག་གི་མི་སྣ་དང་སློབ་གྲྭའི་དགེ་ལས་སོགས་ཡོང་སྟེ་སློབ་མ་རྣམས་བཀག་འགོད་བྱས་ཡོད་འདུག་ཅིང་། སྐབས་དེར་ཉེན་རྟོག་པ་མང་པོ་ཡོང་སྟེ་སློབ་ཕྲུག་དག་གི་ལག་ནས་དཔར་ཆས་བརྙན་ཕབ་འཕྲུལ་ཆས། ལག་ཐོགས་ཁ་པར་སོགས་བཙན་འཕྲོག་བྱས་ཡོད་པ་མ་ཟད། ཁུལ་སྲིད་གཞུང་གིས་སློབ་གྲྭ་སོ་སོར་བཀའ་བརྒྱ་བཏང་སྟེ། སློབ་མའི་ཁྱིམ་བདག་རྣམས་སློབ་གྲྭར་སྐུང་འགུག་བྱས་ཏེ། སོ་སོའི་བུ་ཕྲུག་ལ་སློབ་གསོ་བཏང་སྟེ། ཟིང་ཆ་བསླང་མི་འཇུག་རྒྱུ་མ་ཟད། ད་དུང་མུ་མཐུད་དུ་སྐད་ཅོར་བརྒྱབ་པ་ཡིན་འགན་ཡོངས་རྫོགས་སློབ་གྲྭའི་དགེ་རྒན་དང་སློབ་མའི་ཕ་མ་ཚོས་འཁུར་དགོས་པའི་བཙན་བཀའ་ཡང་བཏང་ཡོད་འདུག
namkabum (Monday, 08 November 2010 05:52)
མི་རིགས་འདྲ་མཉམ་ཡོང་དགོས། སྐད་ཡིག་རང་དབང་སྤྲོད་དགོས།